འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།“གསར་བརྗེའི་ལམ་ཐིག”གིས་ཀྲུང་གོ་དང་ཨུ་རུ་སུའི་མཐའ་མཚམས་ཡུལ་སྐོར་གྲ་རྒྱས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནུབ་ནས་མོང་གོལ་རྒྱལ་ཁབ་མཐོང་ཐུབ་པ་དང་ཤར་ནས་ཀྲུང་གོའི་བྱང་ཤར་ས་ཁུལ་དང་འབྲེལ་ཞིང་། ཤིས་པོ་ལི་ཡ་ཤར་ལྷོའི་རྒྱུད་དུ་གནས་པའི་ཝེ་པེ་ཅར་མཐའ་མཚམས་ཁུལ་དུ་ཀྲུང་གོ་དང་འབྲེལ་བ་དམ་ཟབ་ཡོད་པའི་གསར་བརྗེའི་སྔོན་བྱུང་ལོ་རྒྱུས་ཤིག་ཡོད་པ་རེད།
         དུས་རབས་གོང་མའི་ལོ་རབས་ཉི་ཤུ་པ་དང་སུམ་ཅུ་པར་ཀྲུང་གུང་གི་དེ་སྔའི་འགོ་ཁྲིད་ཀྱིས་བྱང་ཤར་ས་ཁུལ་ནས་གསང་བའི་ངང་ས་མཚམས་སྒྲོལ་ཏེ་སུའུ་ལན་དུ་བསྐྱོད་ནས་མོ་སི་ཁོར་འཚོགས་པའི་ཀྲུང་གུང་ཚོགས་ཆེན་དྲུག་པར་ཞུགས་པ་དང་ས་ཚིགས་དང་པོ་ནི་ཝེ་པེ་ཅར་མཐའ་མཚམས་ཁུལ་དེ་ཡིན་ཞིང་། 1950ལོའི་ཟླ་2ཚེས་25ཉིན་སུའུ་ལན་དུ་འཚམས་འདྲིར་བསྐྱོད་པའི་ས་ཚིགས་མཇུག་ཤོས་ཡིན་པའི་ངོས་ནས་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་ཁྲི་ཐར་འཚམས་འདྲིར་ཕེབས་པ་རེད།
          ད་ཆ་ཝེ་པེ་ཅར་མཐའ་མཚམས་ཁུལ་གྱིས“གསར་བརྗེའི་ཡུལ་སྐོར”ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱེད་བཞིན་ཡོད་པ་དང་ནང་སོག་རང་སྐྱོང་ལྗོངས་དང་ཐུན་མོང་ཐོག་ས་མཚམས་སྒྲོལ་བའི་ཡུལ་སྐོར་ལས་དོན་སྤེལ་བཞིན་ཡོད། ཀྲུང་གོའི་ཡུལ་སྐོར་བས་ཨུ་རུ་སུའི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་པ་དང་དུས་མཚུངས་གསར་བརྗེའི་སྔོན་བྱོན་པའི་རྗེས་ཤུལ་བཙལ་འཚོལ་ཡང་བྱེད་ཐུབ་ཀྱི་ཡོད།
         ཁྲི་ཐའི་ས་གནས་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དེ་གྲོང་ཁྱེར་ལྟེ་གནས་ཀྱི་ལེ་ཉིང་ཐང་ཆེན་དང་བར་ཐག་རིང་པོ་མེད་པ་དང་2016ལོར་རྟེན་རྫས་བཤམས་མཛོད་ཁང་གིས“གསར་བརྗེའི་ཡུལ་སྐོར”འགྲེམས་ཁང་ཆེད་མངགས་བཙུགས་པ་རེད།
         འགྲེམས་ཁང་དབུས་སུ་མའོ་ཀྲུའུ་ཞིའི་ཟངས་ཀྱི་སྐུ་བརྙན་དང་ཁོང་གིས་ཁྲི་ཐ་སློབ་འབྲིང་བཞི་པར་ཕུལ་བའི་སྒྲོག་ཙེ་ཞིག་བསྒྲིགས་ཡོད་པ་རེད། འགྲེམས་ཁང་ནང་མའོ་ཀྲུའུ་ཞིས་སུའུ་ལན་དུ་འཚམས་འདྲི་གནང་སྐབས་ཀྱི་རྩ་ཆེའི་སྐུ་པར་དང་དེ་བཞིན་སྐྱ་སེར་དུ་གྱུར་པའི་ཀྲུང་གུང་གི་སྐུ་ཚབ་ཚོགས་པས་སུའུ་ལན་དུ་འཚམས་འདྲི་གནང་སྐབས་ཀྱི་གནས་ཚུལ་བཀོད་པའི་《ཝེ་པེ་ཅར་བཟོ་པའི་ཚགས་པར་》ཞིག་བཀལ་ཡོད། ཤེལ་སྒྲོམ་ནང་ནས་ད་དུང་མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལིས་ཁྲི་ཐར་འཚམས་འདྲི་གནང་རིང་སི་ཏ་ལིན་དང་དེ་བཞིན་སུའུ་ལན་གྱི་ཕྱི་འབྲེལ་པུའུ་དང་བསྐུར་རེས་གནང་བའི་ཏར་འཕྲིན་ཡང་མཐོང་རྒྱུ་ཡོད།
          “《ཀྲུང་གོ་དང་སུའུ་ལན་གྱི་མཛའ་གྲོགས་མནའ་མཐུན་རོགས་རེས་ཆིངས་ཡིག་》ལ་མིང་རྟགས་བཀོད་རྗེས་མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལི་མོ་སི་ཁོ་ནས་ཀྲུང་གོར་ཕྱིར་ལོག་གནང་བ་དང་ཁོང་རྣམ་གཉིས་ཀྱིས་ཤི་པོ་ལི་ཡའི་ལྕགས་ལམ་བརྒྱུད་གྲོང་ཁྱེར་མང་པོར་འཚམས་འདྲི་གནང་ཞིང་། ཁྲི་ཐ་ནི་ཁོང་རྣམ་པ་བརྒྱུད་བཞུགས་གནང་སའི་གྲོང་ཁྱེར་མཇུག་ཤོས་དེ་ཡིན་ལ་བཞུགས་ཡུན་ཅུང་རིང་བའི་གྲོང་ཁྱེར་ཞིག་ཀྱང་རེད”ཅེས་ས་གནས་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཝེ་ཁེ་ཐུའོ·ཁོའོ་ལུའོ་སུའོ་ཕུ་ཡིས་གསར་འགོད་པར་བཤད།
         ཁོའོ་ལུའོ་སུའོ་ཕུ་ཡིས་ན་ནིང་འགྲེམས་ཁང་བཙུགས་པ་ནས་བཟུང་ཀྲུང་གོའི་ཡུལ་སྐོར་བ་4000ལྷག་ཙམ་གྱིས་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱས་ཡོད། “ང་ཚོས་འགྲེམས་ཁང་གི་གཞི་ཁྱོན་ཆེ་རུ་བཏང་ནས་ཝེ་པེ་ཅར་མཐའ་མཚམས་ཁུལ་དང་ཀྲུང་གོའི་དབར་གྱི་དུས་ཡུན་ལོ་400ཙམ་གྱི་འགྲོ་འོང་ལོ་རྒྱུས་ཡུལ་སྐོར་བར་ངོ་སྤྲོད་བྱ་རྩིས་ཡོད”ཅེས་བཤད་པ་རེད།
         ཁོའོ་ལུའོ་སུའོ་ཕུ་ཡིས་ཨུ་རུ་སུ་ཕྱོགས་ཀྱིས་མཐའ་མཚམས་གྲོང་ཁྱེར་ཝེ་པེ་ཅར་སི་ཁེར་རྟེན་རྫས་བཤམས་མཛོད་ཁང་གསར་པ་ཞིག་བསྐྲུན་ནས་དུས་རབས་གོང་མའི་ལོ་རབས་ཉི་ཤུ་པ་དང་སུམ་ཅུ་པར་སྐབས་ཀྲུང་གུང་དང་གུང་ཁྲན་རྒྱལ་སྤྱིའི་དབར་གྱི་གསར་བརྗེའི་གསང་བའི་འགྲིམ་འགྲུལ་ལམ་ཐིག་འགྲེམས་སྟོན་བྱ་རྩིས་ཡོད། “ལམ་ཐིག་དེ་བརྒྱུད་ཀྲུང་གུང་གི་དེ་སྔའི་འགོ་ཁྲིད་ཀྱིས་ཀྲུང་གོ་ནས་སུའུ་ལན་དུ་གསང་བའི་ངང་བསྐྱོད་དེ་མོ་སི་ཁོར་འཚོགས་པའི་ཀྲུང་གུང་ཚོགས་ཆེན་དྲུག་པའི་ནང་ཞུགས་ཡོད། ང་ཚོས་ལོ་རྒྱུས་ཀྱི་དཔྱད་གཞི་དེ་སྤྱད་དེ་འགྲིམ་འགྲུལ་ལམ་ཐིག་དེ་སྔར་ལྟར་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད།
         ཀྲུང་གོ་དང“གསར་བརྗེའི་འབྱུང་རྩ”ལྡན་པའི་གྲས་སུ་ད་དུང་དུས་རབས་20པའི་ལོ་རབས་40པར་བསྐྲུན་པའི“ཝེ་པེ་ཅར་གྱི་དམག་དཔོན་ཁྱིམ་གཞིས”ཞེས་པའང་ཡོད་ཅིང་། ཚོས་མདོག་སེར་སྐྱའི་སུའུ་ལན་གྱི་བཟོ་སྐྲུན་ཉམས་འགྱུར་ལྡན་པའི་ཁྲི་ཐ་གྲོང་ཁྱེར་གྱི་རིག་གནས་ལྟེ་གནས་དེར་1950ལོར་མའོ་ཀྲུའུ་ཞིས་སུའུ་ལན་གྱི་དམག་དཔོན་གྱི་འཐུས་མི་དང་མཇལ་འཛོམས་གནང་མྱོང་བ་མ་ཟད། ས་གནས་དེ་གའི་དཔུང་སྡེའི་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་ལེ་ཚན་ཀྱང་གཟིགས་མྱོང་ཡོད།
         “ཝེ་པེ་ཅར་དམག་དཔོན་གྱི་ཁྱིམ་གཞིས”ཀྱི་ཀྲུའུ་རེན་ཤེར་ཀེ·ཝ་ཤིས་ལི་ཡེ་ཝེ་ཆིས་གསར་འགོད་པར་ལོ་བཅུ་ཕྲག་ཁ་ཤས་ནང་དེ་གའི་སྔར་གྱི་རྣམ་པ་སོར་འཇོག་བྱས་པ་དང་ས་གནས་དེ་གའི་སྒྱུ་རྩལ་མཁས་ཅན་ཚོས་ལོ་རབས་50པའི་འཁྲབ་སྟོན་གྱི་ཉམས་འགྱུར་སོར་འཇོག་བྱས་པ་མ་ཟད། ད་དུང་རྒྱ་སྐད་ཐོག་ནས་གླུ་དབྱངས་ལེན་གྱི་ཡོད་ལ་ཀྲུང་གོའི་ཡུལ་སྐོར་བས་དེ་གར་ལྟད་མོ་ཆེ་བའི་སུའུ་ལན་གྱི་གླུ་གར་འཁྲབ་སྟོན་ལྟ་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།
         ཝེ་པེ་ཅར་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་ཤེར་ཀེ·ནུའོ་ཝེ་ཆིན་ཁོ་ཡིས་གསར་འགོད་པར་ད་ཕན་ལོ་གཉིས་ནང་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་ཐུན་མོང་ཐོག་སྐུལ་འདེད་བཏང་བའི་འོག་མཐའ་མཚམས་ཡུལ་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་སྒོར་མོ་ལུའུ་པུའུ་ཡི་འཛའ་ཐང་ཆག་པ་དང་དེ་བཞིན་རྒྱལ་གྲོལ་ཐོངས་མཆན་ལམ་ལུགས་ལྷུག་ཏུ་བཏང་བས་ཀྱང་ཡུལ་སྐོར་བའི་གྲངས་འབོར་མང་དུ་སོང་ཡོད། 2017ལོའི་ཟླ་དང་པོ་ནས་བཅུ་པ་བར་ཀྲུང་གོའི་ཡུལ་སྐོར་བ་ཁྲི་3.6ཝེ་པེ་ཅར་མཐའ་མཚམས་ཁུལ་དུ་ཡུལ་སྐོར་བྱེད་པར་སླེབས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།