འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།"སློབ་གྲྭར་སྐྱོད་ན་ངའི་འབྱུང་འགྱུར་དེ་བས་ལེགས་པ་ཡོང་རྒྱུ་རེད"

    —སི་རི་ཡའི་སྐྱབས་བཅོལ་བྱིས་པས་སློབ་གྲྭར་སློབ་སྦྱོང་བྱེད་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སློབ་གྲྭར་སྐྱོད་ན་ངའི་འབྱུང་འགྱུར་དེ་བས་ལེགས་པ་ཡོང་རྒྱུ་རེད། ཆེན་པོ་ཆགས་རྗེས་སྨན་པ་ཞིག་བྱས་ནས་དགོས་མཁོ་ཡོད་པའི་མི་རྣམས་ལ་རོགས་པ་བྱེད་འདོད་ཡོད”ཅེས་ལོ་11ལ་སླེབས་པའི་སི་རི་ཡའི་སྐྱབས་བཅོལ་བུ་མོ་སའར་མ་ཡིས་འཚེར་སྣང་ཆེན་པོས་གསར་འགོད་པར་བཤད།
         ཉིན་ཤས་གོང་ལེ་པ་ནོན་ཤར་རྒྱུད་ཀྱི་པེ་ཁ་ལུང་བྱུར་ལེ་པ་ནོན་གྱི་གཞུང་བཙུགས་སློབ་གྲྭ་ཞིག་ཏུ་སའར་མ་དང་སི་རི་ཡའི་སྐྱབས་བཅོལ་བྱིས་པ་500ཙམ་གྱིས་དེར་སློབ་ཚན་ཉན་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་ལེ་པ་ནོན་སློབ་གསོ་པུས་རྒྱབ་སྐྱོར་བྱས་པའི“མྱུར་སྦྱོང་སློབ་སྦྱོང་རྣམ་གྲངས”བརྒྱུད། སྐྱབས་བཅོལ་བྱིས་པ་དེ་དག་ལ་སླར་ཡང་སློབ་གསོ་མྱོང་བའི་གོ་སྐབས་རག་ཡོད།
         སའར་མ་ཡི་ནང་མི་ཚོ་ལོ་6གོང་སི་རི་ཡ་ནས་ལེ་པ་ནོན་དུ་སྐྱབས་བཅོལ་དུ་ཡོང་བ་དང་ཁོང་ལ་གཅེན་གཅུང་5ཡོད། སྐྱབས་བཅོལ་བའི་སྒར་སར་འཚོ་སྡོད་བྱེད་པའི་ནང་མི་ཚོ་ཕ་གཅིག་པུས་ལས་ཡུལ་དུ་ཉིན་གླ་རྒྱུག་པར་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། སའར་མ་ཡིས་རིན་མི་དགོས་པའི“མྱུར་སྦྱོང་སློབ་སྦྱོང་རྣམ་གྲངས”ལས་རང་ཉིད་ཀྱི་སློབ་གྲྭར་སྐྱོད་པའི་ཕུགས་འདུན་མངོན་འགྱུར་ཐུབ་སོང་། “སློབ་གྲྭའི་ཆ་རྐྱེན་ཡག་པོ་འདུག་ལ་དགེ་རྒན་ཚོའང་ཧ་ཅང་ཡག་པོ་འདུག ང་ཚོས་འདི་ནས་དབྱིན་ཡིག་དང་། རྩིས་རིག ཚན་རིག་སོགས་ཚད་ལྡན་གྱི་སློབ་ཚན་སློབ་སྦྱོང་བྱེད་ཐུབ”ཅེས་བཤད།
         “མྱུར་སྦྱོང་སློབ་སྦྱོང་རྣམ་གྲངས”ཆེད་མངགས་སི་རི་ཡའི་སྐྱབས་བཅོལ་བྱིས་པར་དམིགས་པ་དང་གཙོ་བོ་ལེ་པ་ནོན་གྱི་སློབ་གྲྭའི་ཐོན་ཁུངས་བེད་སྤྱད་དེ་ལོ་7ནས་17བར་དང་སློབ་མཚམས་ཆད་ནས་ལོ་གཉིས་ཡན་སོང་བའི་སི་རི་ཡའི་སྐྱབས་བཅོལ་བར་དུས་ཐུང་གསོ་སྦྱོང་བྱེད་པ་དང་། ཁོང་ཚོ་མཐར་ལེ་པ་ནོན་གྱི་གཞུང་བཙུགས་སློབ་གྲྭར་སློབ་སྦྱོང་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད། རྣམ་ཀུན་རྣམ་གྲངས་དེའི་ནང་ཞུགས་པའི་ལེ་པ་ནོན་གྱི་སློབ་གྲྭས་གཟའ་ཟླ་བ་ནས་ཉི་མའི་བར“འཛིན་གྲྭ་གཉིས་ཀྱི་ལམ་ལུགས”ཀྱི་སློབ་ཁྲིད་བྱས་པ་སྟེ། ཞོགས་པ་ལེ་པ་ནོན་གྱི་སློབ་མར་སློབ་ཚན་ཁྲིད་པ་དང་། ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་སི་རི་ཡའི་སྐྱབས་བཅོལ་བྱིས་པར་སློབ་ཚན་ཁྲིད་ཀྱི་ཡོད་པ་རེད།
         ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི་ཐ་ཉི་ཡ·ཧྲ་ཕི་སཱ་ཡིས“ཕྲུ་གུ་ཚོ་སློབ་ཁང་ནང་སློབ་སྦྱོང་བྱེད་དགོས། སློབ་གྲྭས་ཁོང་ཚོར་མི་ཚེའི་དམིགས་ཚད་འཛུགས་པ་དང་། རྩ་འཛུགས་རང་བཞིན་གསོ་སྐྱོང་བྱེད་པ། གོམས་གཤིས་བཟང་པོ་འཇགས་ཐུབ་པ་མ་ཟད། ཁོང་ཚོར་བདེ་འཇགས་དང་གཏན་འཇགས་ཀྱི་འཚོ་བའི་རྣམ་པ་ཞིག་སྦྱིན་ཐུབ། སློབ་གསོར་བརྟེན་ན་གཞི་ནས་མི་རབས་ནས་མི་རབས་བར་དབུལ་ཕོངས་ཡིན་པའི་ངན་ཐོག་ངན་འཁོར་མཇུག་འགྲིལ་ཐུབ་པ་དང་། མཐོང་ཆུང་མེད་པ། ཐལ་སྐྱོད་རིང་ལུགས་ལས་རྣམ་པར་རྒྱལ་ཐུབ”ཅེས་བཤད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་མི་སེར་ཧྲུའུ་ཡིས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་དོན། 2016ལོའི་ཟླ་12བར་ལེ་པ་ནོན་དུ་ཐོ་འགོད་བྱས་པའི་ལོ་3ནས་18བར་གྱི་སི་རི་ཡའི་སྐྱབས་བཅོལ་བ་ཁྲི་48ལྷག་ཙམ་ཟིན་པའི་ཁྲོད་ལོ་3ནས་5བར་གྱི་སློབ་ལོ་མ་ལོན་པའི་བྱིས་པ་ཁྲི་13ཙམ་དང་། ལོ་6ནས་14བར་གྱི་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་ཁྲི་27ལྷག་ཙམ། ལོ་15ནས་18བར་གྱི་སློབ་འབྲིང་གི་སློབ་ལོ་ལོན་པའི་གཞོན་ནུ་ལོ་ཆུང་ཁྲི་8ཙམ་ཟིན་ཡོད།
         2016ལོ་ནས་2017ལོའི་སློབ་དུས་རིང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་ལེ་པ་ནོན་སློབ་གསོ་པུའུ་སོགས་ཀྱི་རྒྱབ་སྐྱོར་འོག་ལོ་3ནས་14བར་གྱི་སི་རི་ཡའི་སྐྱབས་བཅོལ་བ་ཧ་ལམ་ཁྲི་20ཙམ་ལེ་པ་ནོན་གྱི་གཞུང་བཙུགས་སློབ་གྲྭར་སློབ་སྦྱོང་བྱ་རྒྱུ་བྱུང་ཡོད།
         ཧྲ་ཕི་སཱ་ཡིས“མྱུར་སྦྱོང་སློབ་སྦྱོང་རྣམ་གྲངས”ལ་ཀྲུང་གོ་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གི་རྒྱབ་སྐྱོར་ཐོབ་ཡོད། “ཀྲུང་གོས་འཇུངས་པ་མེད་པར་ཞལ་འདེབས་བརྒྱབ་པ་དེས་འདི་ལོ་ང་ཚོས་སློབ་གྲྭར་འགྲོ་མུས་ཀྱི་སྐྱབས་བཅོལ་སློབ་མ་ཁྲི་6.6ལ་རོགས་སྐྱོར་བྱེད་ཐུབ་རྒྱུ་མ་ཟད། ‘མྱུར་སྦྱོང་སློབ་སྦྱོང་རྣམ་གྲངས’བརྒྱུད་སློབ་མཚམས་ཆད་པའི་སྐྱབས་བཅོལ་སློབ་མ་ཁྲི་2ཙམ་ལ་རོགས་རམ་བྱེད་ཐུབ་རྒྱུ་རེད”ཅེས་བཤད།
         ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཅན་གྱིས་ཀྲུང་གོ་སྲིད་གཞུང་གིས་ན་ནིང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་ཨ་སྒོར་ཁྲི་100ཡི་དངུལ་སྨར་རོགས་སྐྱོར་བྱས་ཏེ། ལེ་པ་ནོན་དུ་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་བྱིས་པར་སློབ་སྦྱོང་མཁོ་ཆས་སྤྲད་ནས། ཁོང་ཚོར་དེ་བས་ཡག་པའི་སློབ་གསོ་ཐོབ་རྒྱུར་རོགས་རམ་གྱིས་དམག་འཁྲུག་གི་གོད་ཆག་ལས་བྱུང་བའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
         ལེ་པ་ནོན་གྱི་སློབ་གསོ་པུའི་པུའུ་ཀྲང་མའར་དབན·ཧ་མ་ཏེས་དེ་དང་འདྲ་བར་ཀྲུང་གོས་སི་རི་ཡའི་སྐྱབས་བཅོལ་ཉམས་ཉེན་ཐད་ལེ་པ་ནོན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཚད་མཐོའི་གདེང་འཇོག་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་བརྒྱུད་རོགས་སྐྱོར་བྱས་པའི་སློབ་སྦྱོང་མཁོ་ཆས་ཀྱིས་སི་རི་ཡའི་སྐྱབས་བཅོལ་བྱིས་པའི་སློབ་སྦྱོང་ཐད་རོགས་རམ་དང་ཡང་ན་ཁོང་ཚོའི་སྙིང་སྟོབས་ལ་ལྕག་སྐུལ་བྱེད་རྒྱུ་གང་ཞིག་ཡིན་རུང་ཚང་མ་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་བཤད།
         ཡིན་ནའང་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི་ཁྲུའི་ཁོངས་མི་ཧེ་ཏིང·ཧའར་ཏོ་སུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཁོང་ཚོ་དང་ལི་པ་ནོན་སློབ་གསོ་པུས་སི་རི་ཡའི་སྐྱབས་བཅོལ་བྱིས་པར་སློབ་ཡོན་མི་དགོས་པའི་སློབ་གསོ་མཁོ་འདོན་བྱེད་པ་དང་། ཐ་ན་ས་གནས་ཁག་གཅིག་ལ་རིན་མེད་ཀྱི་སློབ་འཁོར་མཁོ་འདོན་བྱས་ནའང“ཕྲུ་གུ་ཡོད་དོ་ཅོག་སྔར་བཞིན་སློབ་གྲྭ་འགྲིམ་པར་ཡོང་རྒྱུའི་ཡིད་དབང་འགུག་ཐུབ་མེད”གང་ཡིན་ཞེ་ན། སི་རི་ཡའི་སྐྱབས་བཅོལ་བའི་ཁྱིམ་ཚང་ཁག་གཅིག་གིས་ཕྲུ་གུ་གླ་པར་བཏང་ནས་ཁྱིམ་གྱི་ཡོང་འབབ་གསོག་དགོས་པས། སློབ་གྲྭར་གཏོང་འདོད་བྱེད་ཀྱི་མེད་ཅེས་བཤད།
         དཀར་ཆ་དོད་པའི་སློབ་ཁང་ནང་ནས་ལོ་11ལ་སླེབས་པའི་སི་རི་ཡའི་སྐྱབས་བཅོལ་བྱིས་པ་ལུའུ་པ་ཡིས“ང་ཚོ་ལི་པ་ནོན་དུ་སླེབས་མ་ཐག་པའི་ལོ་འགའ་ཤས་ནང་། ཁྱིམ་ལ་ང་སློབ་གྲྭར་གཏོང་བའི་སློབ་ཡོན་མེད་པས། ཕས་ང་རང་ཁྱིམ་དུ་གཅུང་པོ་ཚོར་ལྟ་རྟོགས་བྱེད་དུ་བཅུག་འདོད་བྱེད་ཀྱི་འདུག”ཅེས་བཤད་པ་དང་སྦྲགས“སྔོན་མ་ཉིན་ལྟར་ཞོགས་པ་ངས་སློབ་འཁོར་སྒོ་འགྲམ་ནས་འགྲོ་བར་ལྟ་རྒྱུ་ལས་མ་འདས། སྟབས་ལེགས་པ་ཞིག་ལ་ད་ཆ་ང་རང་སློབ་གྲྭ་འགྲིམ་ཐུབ་སོང”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།