མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་03ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེར་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག〉རྩིས་མེད་དུ་གཏོང་རྒྱུ་དང〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕར་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས་》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱས་པ་རེད།
         ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། 2012ལོར་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟ་བྱས་པ་དང་2016ལོའི་ཟླ་5ཚེས་1ཉིན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ལག་ལེན་བསྟར་བའི་དཔྱ་ཁྲལ་ཆག་ཡང་གཏོང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་སྒྱུར་བཅོས་བྱ་ཐབས་ཤིག དེ་བཞིན་སྐབས་འདིའི་སྲིད་གཞུང་གིས་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་བཅས་རེད། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ་ལས་གཅིག་གྱུར་དང་ཁུ་བསྡུས་ཀྱི་དཔྱ་ཁྲལ་ལམ་ལུགས་འཛུགས་པ་དང་། དཔྱ་ཁྲལ་བསྐྱར་ཟློས་བསྡུ་རྒྱུ་མེད་པ་བཟོ་བ། ཁེ་ལས་དང་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ནུས་ལྡན་གཏོང་བ། ཐོན་ལས་སྦྲེལ་ཐག་རིང་དུ་དང་ཁྲལ་གཞི་རྒྱ་སྐྱེད་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ལས་ཞུགས་མང་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་བཅས་ལ་སྐུལ་སྤེལ་གཏོང་བར་ཐབས་གཅིག་ནུས་མང་གི་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། དེས་མིག་སྔའི་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ལ། སླད་ཕྱིན་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོའང་བསྣན་པ་རེད།
         ཁྱོན་ཡོངས་ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟ་ཁྱབ་གདལ་བཏང་རྗེས། དེ་སྔོན་གཉེར་ཁྲལ་ལག་ལེན་བསྟར་བའི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་གཅིག་གྱུར་ངང་འཕར་ཁྲལ་བསྡུ་ཡི་ཡོད་པས། དོན་དངོས་ཐོག་ལོ་60ལྷག་རིང་ལག་ལེན་བསྟར་བའི་གཉེར་ཁྲལ་ཁྱོན་ཡོངས་ནས་མེད་པར་བཟོས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེར་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་》ལག་ལེན་བསྟར་མཚམས་བཞག་ཟིན་པ་རེད། ཁྲིམས་ལྟར་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ་ལས་དཔྱ་ཁྲལ་ཆག་ཡང་ཤུགས་ཆེན་ཕྱིན་པའི་གྲུབ་འབྲས་བརྟན་དུ་དང་རྒྱ་སྐྱེད་གཏོང་ཕྱིར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེར་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་》རྩིས་མེད་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་ཆབས་ཅིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕར་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་》ལ་དེ་འབྲེལ་གྱི་བཟོ་བཅོས་བརྒྱབ་ཅིང་། བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ་ནི་འཕར་ཁྲལ་བསྡུ་བའི་ཁྱབ་ཁོངས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱིར་ཚོང་ཞབས་ཞུ་དང་། མངོན་མེད་རྒྱུ་ནོར། གཏན་འཇགས་རྒྱུ་ནོར་བཅས་ཀྱི་ཚན་པ་དང་མི་སྒེར་འཕར་ཁྲལ་འཇལ་མཁན་ལ་གཏན་འཁེལ་བྱས་པ་དང་སྦྲགས། དེ་འབྲེལ་གྱི་ཁྲལ་འཇལ་ཚད་ཁ་གསལ་བཟོས་པ་དང་། 13%གྱི་འཕར་ཁྲལ་འཇལ་བའི་ཚད་གཞི་མེད་པར་བཟོས་པའི་གནས་ཚུལ་གཞིར་བཟུང་འབྲུ་རིགས་དང་། དཔེ་དེབ། གཟན་ཆག་སོགས་དངོས་ཟོག་ཕྱིར་ཚོང་ངམ་ནང་འདྲེན་བྱེད་པའི་ཁྲལ་འཇལ་ཚད་13%ནས་11%བར་བཅག་པ་དང་དུས་མཚུངས། མིག་སྔར་ལས་རིགས་འགའ་ཞིག་ཏུ་ལག་ལེན་བསྟར་བའི་བར་བརྒལ་རང་བཞིན་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་མིན་པ་རེད།