འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཟོ་ལས་དྲ་སྦྲེལ་དམ་འཛིན་བྱ་གཞིར་བྱས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་
    འཕེལ་རྒྱས་མྱུར་པོ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“དྲ་སྦྲེལ+སྔོན་ཐོན་བཟོ་སྐྲུན་ལས་རིགས”གཏིང་ཟབ་ཏུ་བཏང་ནས་བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་ནས་བཟོ་ལས་དྲ་སྦྲེལ་ཐོན་ལས་ཀྱི་མཁོ་སྤྲོད་ནུས་པ་མཐོར་གཏོང་དང་། རང་རྒྱལ་བཟོ་ལས་དྲ་སྦྲེལ་གྱི་འཕེལ་རྒྱས་ཆུ་ཚད་རྒྱུན་མཐུད་མཐོར་གཏོང་། “དྲ་སྦྲེལ+”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་དངོས་ཚན་དཔལ་འབྱོར་དང་དྲ་རྒྱ་ཕན་ཚུན་སྐུལ་འདེད་དང་མཉམ་དུ་མཐོར་གཏོང་གི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་པ་དང་སྦྲགས་2025ལོ་དང་། 2035ལོ། དུས་རབས་21གི་དུས་དཀྱིལ་བཅས“གོམ་སྟབས་གསུམ”གྱི་དམིགས་ཚད་དབྱེ་དགོས་པ་བཏོན་ཡོད་པ་རེད།
        བཟོ་འཕྲིན་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་གིས་བཟོ་ལས་དྲ་སྦྲེལ་ནི་རང་རྒྱལ་གྱིས་རྒྱལ་སྤྱིའི་བཟོ་སྐྲུན་ལས་རིགས་ཀྱི་འགྲན་རྩོད་ནང་མཐོ་གནོན་བཙན་ས་དང་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་བཟུང་བའི་གདམ་ག་ཉག་གཅིག་དེ་ཡིན་པས་ངེས་པར་དུ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་འགག་སྒྲོལ་ཐུབ་པ་དང་ཁྱབ་གདལ་གཏོང་དགོས་པའི་ངོས་འཛིན་བྱས་ཡོད།
        སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་དེ་རིག་ནུས་བཟོ་སྐྲུན་ཡིན་པ་རེད། རིག་ནུས་ཡིན་ཕྱིན་དང་ཐོག་དྲ་སྦྲེལ་ཡིན་པ་མཚོན་ཐུབ། མིག་སྔར་རང་རྒྱལ་བཟོ་ལས་དྲ་སྦྲེལ་ལ་རིག་ནུས་ཅན་གྱི་ཐོན་སྐྱེད་དང་། རིག་ནུས་ཅན་གྱི་ཐོན་རྫས། དྲ་རྒྱའི་མཉམ་སྒྲུབ་བཟོ་སྐྲུན། རང་གཤིས་ཅན་གྱི་མངགས་བཟོ་སོགས་རྣམ་པ་བཞི་ཡོད་པའི་ནང་ལྟེ་བའི་དོན་གནད་ནི་གྲངས་གཞི་བཀོལ་སྤྱོད་དང་རིག་ནུས་་འབྲེལ་མཐུད་བྱས་པ་བརྒྱུད་ཐོན་སྐྱེད་ཀྱི་ནུས་ཕྱོད་དང་སྤུས་ཚད་མཐོ་རུ་བཏང་ནས་གནད་སྨིན་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་པ། དཔེར་ན། གྱོན་ཆས་དང་ཁྱིམ་སྤྱོད་གློག་ཆས་སོགས་ཁྱབ་ཁོངས་ནང་བཟོ་ལས་དྲ་སྦྲེལ་བརྒྱུད་སྤྱོད་མཁན་གྱིས་རིག་ནུས་ཐོན་རྫས་ཀྱི་དགོས་མཁོ་བསྐོངས་ཐུབ་པ་དང་ཐོན་སྐྱེད་ནུས་ཕྱོད་ཆེ་རུ་འགྲོ་ཐུབ་པ་མ་ཟད། སྤྱོད་མཁན་ཐོན་རྫས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་ནས་རང་གཤིས་ཅན་གྱི་མྱོང་རོལ་དང་ཞབས་ཞུ་བསྒྲུབས་ཆོག་པ་ལྟ་བུ་རེད།
         བཟོ་འཕྲིན་པུའི་འཆར་འགོད་སི་ཡི་སི་ཀྲང་གཞོན་པ་ལི་པེ་ཀོང་གིས་བཟོ་ལས་དྲ་སྦྲེལ་ནི་དྲ་སྦྲེལ་གྱིས་སྤྱི་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གཏིང་ཟབ་བཏང་རྗེས་ཐོན་སྐྱེད་སྣེ་མོར་སླར་ཡང་གསར་བརྗེ་བྱས་པ་ཞིག་རེད། དེ“རིན་ཐང་སྤོ་སྒྱུར་ཁོ་ན་བྱས་པ་ཞིག་མིན་པར་མཉམ་འདྲེས་གཏིང་ཟབ་བྱས་ནས་ཐོན་འཕར་གསར་གཏོད་ཀྱི‘བསྡོམས་ཐབས’ཤིག་ཡིན་པའི་ངོས་འཛིན་བྱས། ཡང་ཁོང་གིས་བཟོ་ལས་དྲ་སྦྲེལ་གྱིས་ཚབ་མཚོན་དུ་བྱས་པའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་ནི་འཛམ་གླིང་གི་རྒྱལ་ཁབ་གཙོ་བོའི་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་པ་ཞིག་རེད་ལ་ཐོན་ལས་འཕེལ་རྒྱས་གཏོང་བའི་འཐབ་ས་ལྟ་བུ་ཞིག་རེད་ཅེས་བཤད།
         བསམ་འཆར་ནང་བཟོ་ལས་དྲ་སྦྲེལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་ལྷག་པར་དུ་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་བྱ་ཤུགས་ཆེ་རུ་བཏང་ནས་ཐོན་རྫས་དང་ཐག་གཅོད་ཇུས་གཞིའི་མཁོ་སྤྲོད་ནུས་པ་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།