འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོ་ལས་ཡུལ་སྐོར་དེ་རང་རྒྱལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་བཟོ་ལས་ཡུལ་སྐོར་གྱིས་ན་ནིང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར་1.4ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་213བྱུང་བ། ལས་ཞུགས་མི་གྲངས་ཁྲི་42.8བསྡུས་པས་ཉེ་བའི་ལོ་གསུམ་རིང་ཡུལ་སྐོར་མི་ཐེངས་ལོར་ཆ་སྙོམས་31%འཕར་བ་དང་ཡུལ་སྐོར་ཡོང་འབབ་ལོར་ཆ་སྙོམས་24.5%འཕར་ཏེ་བཟོ་ལས་ཡུལ་སྐོར་དེ་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་སྟོབས་ཤུགས་ནུས་ལྡན་ལ་གྱུར་ཡོད་པ་རེད།
         སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་བཟོ་ལས་ཡུལ་སྐོར་གསར་གཏོད་ཚོགས་ཆེན་ཚེས་28ཉིན་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཚོགས་འདུའི་ཐོག་གྲངས་གཞི་དེ་ཡོངས་བསྒྲགས་བྱས་པ་རེད།
         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཙའོ་ཡིས་ཚོགས་འདུའི་ཐོག་རང་རྒྱལ་གྱི་བཟོ་ལས་ཡུལ་སྐོར་དེ་ཁྱབ་ཁོངས་ཡོངས་ལ་ཁྱབ་ནས་དེ་སྔ་བཟའ་བཅའ་ལས་སྣོན་དང་། གྱོན་གོས་འཁེལ་འཐག བཟོ་རྩལ་ཐོན་རྫས་བཟོ་བ་སོགས་ཡང་བའི་བཟོ་ལས་ནས་ད་ཆ་བཟོ་ལས་རིགས་ཆེན་པོ་41ལ་ཁྱབ་པའི་བར་དང་། ཕྱོགས་རྐྱང་པའི་ཐོན་སྐྱེད་བསྒྲུབ་རིམ་དང་ཐོན་སྐྱེད་བཟོ་རྩལ་འགྲེམས་སྟོན་བྱེད་པ་ནས་སྣེ་མང་གསར་སྤེལ་བྱེད་པའི་བར། ས་ཁུལ་ཁ་ཤས་ནས་ས་ཁོངས་ཧྲིལ་པོར་ཁྱབ་སྟེ་ནུབ་རྒྱུད་ས་ཁུལ་དུ་འབྲས་བུ་སྨིན་པའི་བར། ཕྱོགས་རྐྱང་པའི་བཟོ་ལས་ལྟ་སྐོར་ནས་བཟོ་ལས་ཉོ་སྒྲུབ་ཡུལ་སྐོར་དང་། བཟོ་ལས་ཀྱི་ཚན་རིག་ཁྱབ་གདལ་ཡུལ་སྐོར། ཁེ་ལས་ཀྱི་རིག་གནས་ཡུལ་སྐོར། བཟོ་ལས་ཀྱི་ཤུལ་བཞག་ཡུལ་སྐོར་སོགས་བར་སྣུར་བསྲིང་བྱས་ཡོད་ཅེས་བཤད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩ་སོགས་ནོར་སྲིད་དངུལ་རྩའི་སྲིད་ཇུས་དབུས་ནུབ་ས་ཁུལ་དང་བཟོ་ལས་རྟེན་གཞི་རྙིང་པའི་བཟོ་ལས་ཡུལ་སྐོར་འཕེལ་རྒྱས་ལ་གཟིགས་སྐྱོང་འོས་འཚམ་བྱ་རྒྱུར་ལྕག་སྐུལ་བྱས་པ་དང་ཆབས་ཅིག་ས་གནས་ཁག་གིས་རིགས་ཁག་གི་སྤྱི་ཚོགས་མ་རྩ་དང་ཆེད་ལས་ཤེས་ལྡན་མི་སྣ་བཟོ་ལས་ཡུལ་སྐོར་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།