འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། “འབྱུང་འགྱུར་ང་ཚོའི་སྨན་བཅོས་ཞབས་ཞུའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད་ལ་ང་ཚོ་མཐའ་མཚམས་ཀྱི་འཐབ་ས་མདུན་མའི་གྲོང་མིའི་འཚོ་བ་ཡང་དེ་བས་ཇེ་ལེགས་སུ་འགྲོ་རྒྱུ་རེད”ཅེས་སྤུ་ཧྲེང་རྫོང་གི་གྲོང་མིས་བརྗོད་པ་དང་། ཟླ་11ཚེས་18ཉིན་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་བྱེད་སྒོ་སྤེལ་ཡུལ་དུ་ཞིང་འབྲོག་པ་260ལྷག་ཙམ་མཉམ་འཛོམས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ཚེ་རིང་པད་སྒྲོན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་ཉན་བཞིན་ཡོད་པ་རེད།
          སྨན་ཁང་དུ་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་མང་པོ་མེད་པའི་རྐྱེན་གྱིས་ཚོགས་ཆེན་བཅུ་དགུ་པ་གྲོལ་མ་ཐག་ཚེ་རིང་པད་སྒྲོན་ལམ་སེང་ལས་ཀར་བསྐྱོད་ཅིང་། ཁོང་གིས“ཉིན་ལྟར་ཕྲུ་གུ་མང་པོ་སྐྱེ་གི་ཡོད་པ་དང་། ཚན་ཁག་ནང་སྨན་པ་མང་པོ་མེད་པས་ང་རང་བློ་བདེ་པོ་མི་འདུག”ཅེས་བརྗོད་པ་རེད། ཚེས་17ཉིན་ཚེ་རིང་པད་སྒྲོན་མངའ་རིས་ས་ཁུལ་གནས་ཡུལ་ནས་རླངས་འཁོར་ནང་ཆུ་ཚོད་4བསྡད་དེ་རྩྭ་མདའ་རྫོང་དུ་ཕྲུ་གུ་མཚེ་མ་འཁོར་བའི་བུད་མེད་གཅིག་ལ་སྐྱེ་བསུ་དང་སྨན་བཅོས་བྱེད་པར་བསྐྱོད་པ་དང་། ཉིན་དེའི་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ་གཞི་ནས་སེང་གེ་ཁ་འབབ་ཏུ་་སླེབས་པ་རེད། ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་སླར་ཡང་རླངས་འཁོར་ནང་ཆུ་ཚོད་3བསྡད་རྗེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་བྱེད་སྒོ་སྤེལ་ཡུལ་དུ་སྒྲོག་འགྲེལ་བྱེད་པར་སླེབས་པ་རེད། ཁོང་གིས་མང་ཚོགས་ལ་ཕན་པ་ཐོབ་ན་ང་རང་དཀའ་ལས་ཆེ་ཙམ་ཡོད་ཀྱང་འགྱོད་པ་མེད་ཅེས་བརྗོད་པ་རེད།
         ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དང་། མང་ཚོགས། མི་སེམས་བཅས་ལ་ཟུག་པ་བྱ་ཆེད། ཟླ་11ཚེས་9ཉིན་ནས་བཟུང་། བོད་དུ“ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱེད་པ་དང་གནས་དང་གནས་སུ་དོན་འཁྱོལ་བྱེད་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་སྤེལ་ཡོད་པ་རེད། སྒྲོག་འགྲེལ་པ་116ཚོགས་ཆུང་ཁག་བརྒྱད་ལ་བགོས་ནས་ལྗོངས་དང(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་། ས་ཁུལ་དང་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བསྐྱོད་པ་དང་དུས་མཚུངས་གྲོང་སྡོད་ལས་བྱེད་པ་ཁྲི་2ལྷག་ཙམ་དང་། དགོན་སྡོད་ལས་བྱེད་པ་7000ཙམ། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་3000ལྷག་ཙམ་སོགས་ཀྱི་འཐབ་ས་མདུན་མའི་སྒྲོག་འགྲེལ་སྟོབས་ཤུགས་སྐུལ་སློང་བྱས་ནས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་དང་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། ཏང་གི་མི་རིགས་ཆོས་ལུགས་དང་། མཐའ་མཚམས་ལས་དོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ཀྱི་ལས་དོན་ཡག་པོ་སྤེལ་ཐུབ་པ་བཅས་ལ་དམིགས་ཏེ་གཙོ་གནད་སྒྲོག་འགྲེལ་ཡག་པོ་བྱས་ཡོད་པ་རེད།
         ཟླ་11ཚེས་24ཉིན་བར་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པས་ས་ཁུལ(གྲོང་ཁྱེར)7དང་། རྫོང(ཆུས)74 ནུས་པའི་ཁུལ་གཉིས(གནམ་ཐང་ཁུལ་གསར་དང་སྣེའུ་ཁུལ་གསར) ཤང(གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁང)676བཅས་སུ་སྒྲོག་འགྲེལ་བྱས་པ་རེད། ས་ཁུལ(གྲོང་ཁྱེར)དུ་སྒྲོག་འགྲེལ་བྱེད་ཚད་100%ཟིན་པ་དང་། རྫོང(ཆུས)སུ་སྒྲོག་འགྲེལ་བྱེད་ཚད་100%ཟིན་པ། ཤང་དང་གྲོང་རྡལ་དུ་སྒྲོག་འགྲེལ་བྱེད་ཚད་96.9%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།