འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་ཏ་ཤིན་གྱི"11•18"མེ་སྐྱོན་ནི་གློག་སྐུད་ལ་སྐྱོན་ཤོར་ནས་བྱུང་བ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན། པེ་ཅིང་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ལ་པེ་ཅིང་ཏ་ཤིན་གྱི"11•18"མེ་སྐྱོན་གྱི་འབྱུང་རྐྱེན་ཡོངས་བསྒྲགས་བྱས་པ་རེད། སྤྱི་བདེ་སྡེ་ཁག་གིས་ལས་དོན་བསྒྲུབ་པ་བརྒྱུད། པེ་ཅིང་ཏ་ཤིན་གྱི"11•18"མེ་སྐྱོན་འབྱུང་རྐྱེན་ཁྲོད་མི་བཟོས་ཀྱི་དོགས་གཞི་མེད་པར་བསྒྲུབ་པ་དང་། མེ་སྐྱོན་འབྱུང་རྐྱེན་ནི་ཅུད་ཨན་ཀྲི་དྲོད་སྲུང་གི་རྒྱུ་ཆའི་ནང་དུ་ཡོད་པའི་གློག་ཤུགས་སྐུད་ལམ་ལ་སྐྱོན་ཤོར་བ་ལས་བྱུང་བ་ཡིན་པ་རེད། ཧྥན་ཆེ་གེ་མོ་སོགས་མི་གྲངས་20ལ་འགན་འཁྲིའི་དོན་རྐྱེན་ཚབས་ཆེན་གྱི་དོགས་གཞིའི་བྱས་ཉེས་ཡོད་སྟབས། ཏ་ཤིན་སྤྱི་བདེ་ཡན་ལག་ཅུད་ཀྱིས་ཁྲིམས་མཐུན་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད།
         ཟླ་11ཚེས་18ཉིན། ཏ་ཤིན་ཁུལ་ཞི་ཧུང་མེན་གྲོང་རྡལ་ཤིན་ཅན་གྲོང་ཚོ་གཉིས་པའི་རང་གིས་བརྒྱབ་པའི་ཁང་པ་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་ཤི་རྨས་ཚབས་ཆེན་བྱུང་བ་རེད། པེ་ཅིང་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་འཕྲལ་མར་མཉམ་འབྲེལ་བརྟག་དཔྱད་ཚོགས་པ་བཙུགས་ནས་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྒྲུབ་པ་རེད།
         ཡུལ་དངོས་སུ་བརྟག་བཤེར་དང་རྩད་ཞིབ་བྱེད་པ། དངོས་ཟོག་བརྟག་དཔྱད་དང་གསལ་འབྱེད་བྱེད་པ། དོགས་ཡོད་མི་སྣ་འཛིན་བཟུང་འདྲི་རྩད་བྱེད་པ། ཡུལ་དངོས་ངོས་འཛིན་བྱེད་པ། འབྲེལ་ཡོད་མི་སྣར་བཅར་འདྲི་འདྲི་རྩད་བྱེད་པ། རྐྱེན་ལམ་དུ་ཤོར་མཁན་བེམ་རོར་བརྟག་བཤེར་བྱེད་པ། ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱེད་པ་སོགས་ཀྱི་ལས་དོན་བསྒྲུབ་པར་བརྟེན་ནས་ཐེངས་འདིའི་མེ་སྐྱོན་བྱུང་བ་ནི་མི་བཟོས་འབྱུང་རྐྱེན་མིན་ཚུལ་གཏན་འཁེལ་བྱས་པ་རེད། ཧྥན་ཆེ་གེ་མོ་སོགས་མི་གྲངས་20ལ་འགན་འཁྲིའི་དོན་རྐྱེན་ཚབས་ཆེན་གྱི་དོགས་གཞིའི་བྱས་ཉེས་ཡོད་སྟབས། ཏ་ཤིན་སྤྱི་བདེ་ཡན་ལག་ཅུད་ཀྱིས་ཁྲིམས་མཐུན་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད།
         བརྟག་དཔྱད་བྱས་པ་བརྒྱུད། ཧྥན་ཆེ་གེ་མོ་ཡིས་2002ལོ་ནས་བཟུང་སྟེ་2006ལོའི་བར་དུ། འབྲེལ་ཡོད་སྡེ་ཁག་གི་ཞིབ་མཆན་མ་ཐོབ་ཀྱང་སྔ་གཞུག་ཏུ་ས་འོག་གི་ཐོག་རིམ་དང་པོ་དང་། ས་ངོས་ཀྱི་ཐོག་རིམ་གཉིས། བྱེ་བྲག་ཏུ་ཐོག་བརྩེགས་རིམ་པ་གསུམ་གྱི་ཁང་པ་བསྐྲུན་ཐེངས་གསུམ་བྱས་པར་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་20000ཙམ་ཟིན་ཡོད་པ་མ་ཟད། བསྟུད་མར་གླ་གཏོང་དང་གཉེར་སྐྱོང་བྱས་པ་རེད། 2016ལོའི་ཟླ་3པར། ཧྥན་ཆེ་གེ་མོ་ཡིས་གླ་གཏོང་དང་གཉེར་སྐྱོང་ལ་དམིགས་ནས་འབྲེལ་ཡོད་སྡེ་ཁག་གིས་ཞིབ་མཆན་མ་ཐོབ་པའི་གནས་ཚུལ་འོག མི་སྣ་སྒྲིག་འཛུགས་བྱས་ཏེ་ས་འོག་གི་ཐོག་རིམ་དང་པོ་ནས་བར་ཆོད་གྱི་གྱང་བཟོས་ཏེ་འཁྱག་མཛོད་བསྐྲུན་རྒྱུའི་གྲ་སྒྲིག་བྱས། 
         2017ལོའི་ཟླ་2པ་དང་ཟླ་3པར། ཧྥན་ཆེ་གེ་མོས་འབྲེལ་ཡོད་ཀུང་སི་དང་འཁྱག་བཟོའི་སྒྲིག་ཆས་ཉོ་འཚོང་གི་གན་རྒྱ་དང་ཆུ་འགོག་དྲོད་སྲུང་ལས་གྲྭ་འཛུགས་སྐྲུན་གྱི་གན་རྒྱ་རེ་བཞག་ནས་འཁྱག་མཛོད་སྐྲུན་འགོ་ཚུགས་པ་རེད། བར་སྐབས་སུ། ཧྥན་ཆེ་གེ་མོས་ལི་ཆེ་གེ་མོ་དང་ཝང་ཆེ་གེ་མོ་གཉིས་ཐེངས་མང་བཀོད་སྒྲིག་བྱས་ཏེ་རང་གིས་བརྒྱབ་པའི་ཁང་པ་དང་ས་འོག་འཁྱག་མཛོད་ནང་དུ་གློག་སྐུད་འཐེན་ཞིང་། འབྲེལ་ཡོད་ལས་མིར་ཆེད་ལས་ཀྱི་ཐོབ་ཐང་གང་ཡང་མེད་པ་རེད། མེ་སྐྱོན་མ་བྱུང་གོང་ལ། ས་འོག་འཁྱག་མཛོད་སྒྲིག་བཀོད་བྱས་ཚར་རྗེས་ཀྱི་ཚོད་ལྟའི་འཁོར་སྐྱོད་བྱེད་སྒང་ཡིན་ལ། བཀོལ་སྤྱོད་ད་དུང་བྱེད་འགོ་ཚུགས་མེད་པ་རེད།
         སྤྱི་བདེ་སྡེ་ཁག་གི་མེ་སྐྱོན་བརྟག་དཔྱད་ཆེད་མཁས་པའི་སློབ་སྟོན་འོག མཉམ་འབྲེལ་བརྟག་དཔྱད་ཚོགས་པས་ནུས་ཤུགས་ཡོད་རྒུས་མེ་སྐྱོན་འབྱུང་རྐྱེན་རྟོག་ཞིབ་བྱས་པ་རེད། བརྟག་དཔྱད་བྱས་མཐར། མེ་སྐྱོན་བྱུང་གནས་ནི་ས་འོག་འཁྱག་མཛོད་ཀྱི་ཁང་པ་སོགས་ཀྱི་དཀྱིལ་ཁུལ་གྱི་ལྷོ་ངོས་གྱང་གི་ངོས་སུ་ཡོད་པ་དང་། མེ་སྐྱོན་འབྱུང་རྐྱེན་ནི་ཅུད་ཨན་ཀྲི་དྲོད་སྲུང་གི་རྒྱུ་ཆའི་ནང་དུ་ཡོད་པའི་གློག་ཤུགས་སྐུད་ལམ་འགག་པ་ལས་བྱུང་བ་ཡིན་པ་རེད། 
         ད་ལྟ། སྤྱི་བདེ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བརྟག་དཔྱད་དཔང་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྲེལ་ཡོད་མི་སྣའི་ཁྲིམས་འབྲེལ་འོས་འགན་གཏན་འཁེལ་བྱས་ཏེ་ཁྲིམས་མཐུན་ལྟར་ཁྲིམས་འགལ་ཉེས་གསོག་མཁན་ལ་རྡུང་རྡེག་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།