འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་ཆུ་བེད་ཕུག་ལམ་རིང་གྲས་ཧན་ཅང་གཙང་ཆུ་ཝེ་ཧོ་གཙང་པོར་འདྲེན་
    པའི་ཆིན་ལིན་ཕུག་ལམ་གྱི་ཐོན་སའི་དུམ་བུ་ཏལ་འབིགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པ་ཚོགས་པའི་ཀུང་སི་གཉིས་པས་སྐྲུན་འགན་འཁུར་བའི་ཧན་ཅང་གཙང་ཆུ་ཝེ་ཧོ་གཙང་པོར་འདྲེན་པའི་ཆིན་ལིན་ཕུག་ལམ་གྱི་ཐོན་སའི་སྨི་6500ཙམ་ཡོད་པའི་ཕུག་ལམ་ཚེས་25ཉིན་བདེ་བླག་ངང་ཏལ་འབིགས་ཐུབ་པ་དེ་ཐོག་ནས་འཛམ་གླིང་ཐོག་གི་ཆུ་བེད་ཕུག་ལམ་རིང་ཤོས་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་བྱུང་བ་མཚོན་ཡོད། དེ་དང་དུས་མཚུངས་ཕུག་ལམ་དེ་ཤར་གཏོང་ཐུབ་པས་རྒྱལ་ནང་ཕུག་ལམ་གྱི་ཁུང་འབིགས་འབར་གཏོར་ཐབས་ལམ་ཐད་འཁོར་ལམ་མེད་པར་སྐྱེལ་འདྲེན་བྱེད་པའི་རླུང་སྒོ་རྐྱང་མར་སྔོག་འདོན་བྱེད་པའི་ཟིན་ཐོ་གསར་པ་བཏོད་ཡོད།
         ཧན་ཅང་གཙང་ཆུ་ཝེ་ཧོ་གཙང་པོར་འདྲེན་པའི་ལས་གྲྭ་དེ་ཆིན་ལིན་རི་རྒྱུད་བརྒྱུད་དགོས་པ་དང་ཕུག་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་98ཡོད། དུམ་བུ་དབྱེ་ནས་སྔོག་ཐབས་སྤྱད་ཅིང་། དེའི་གྲས་ཀྱི་ཐོན་སའི་དུམ་བུ་ནི་ཧྲའན་ཤིས་ཞིང་ཆེན་ཀྲོའུ་ཀྲེ་རྫོང་ཁོངས་སུ་ཡིན་པ་དང་། དེ་ནི་ཧན་ཅང་གཙང་ཆུ་ཝེ་ཧོ་གཙང་པོར་འདྲེན་པའི་ཆིན་ལིན་ཕུག་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཨར་སྐྲུན་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་དུམ་བུ་ཞིག་ཡིན་པ་དང་གཙོ་གནད་ཚོད་འཛིན་གྱི་དོ་དམ་ཁུལ་ཞིག་རེད།
         ཨར་སྐྲུན་ལག་རྩལ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཕུག་ལམ་གྱི་རླུང་འགྲོ་དཀའ་བ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་རེད། ཆིན་ལིན་ཕུག་ལམ་གྱི་གཤགས་ངོས་ཆེ་ཆུང་ནི་ལྕགས་ལམ་དཀྱུས་མའི་ཕུག་ལམ་གཤགས་ངོས་ཀྱི་གསུམ་ཆ་གཅིག་ཙམ་ལས་ཟིན་གྱི་མེད། ཁ་ཞེང་ཆུང་བས་རླུང་འགྲོའི་གནད་དོན་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། ཨར་སྐྲུན་བྱེད་རིང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པ་ཚོགས་པའི་ཀུང་སི་གཉིས་པའི་ལག་རྩལ་མི་སྣས་གསར་གཏོད་རང་བཞིན་ལྡན་པའི་ངང་རིམ་པ་མང་བའི་རླུང་འགྲོའི་ས་ཚིགས་བསྐྲུན་པ་དང་། ཕུག་ལམ་ནང་གི་སྨི་3000ཡི་སར་རླུང་སྣོན་ས་ཚིགས་དང་གློག་སྒྱུར་ས་ཚིགས་བཙུགས་པས་ཨར་སྐྲུན་གྱི་གློག་སྤྱོད་དང་རླུང་འགྲོའི་དགོས་མཁོ་བསྐངས་བ་རེད།
         ཧན་ཅང་གཙང་ཆུ་ཝེ་ཧོ་གཙང་པོར་འདྲེན་པའི་ཆིན་ལིན་ཕུག་ལམ་གྱི་ལས་གྲྭ་སྔོན་དཔག་ལྟར་ན་2020ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུ་རེད། ལས་གྲྭ་འཛུགས་སྐྲུན་ཐུབ་རྗེས་ཆུ་འདྲེན་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་15ཟིན་རྒྱུ་ཡིན་པ་དེ་ཤིས་ཧུའུ་མཚེའུ་100ཡི་ཆུ་འབོར་དང་འདྲ་པོ་ཡོད་པ་དང་མི་ཁྲི་1400ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པས། ཤིས་ཨན་དང་ཀོན་ཀྲུང་ས་ཁུལ་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།