འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གཞུང་གིས་བོད་རིགས་རྒན་མོར་ཁང་པ་གསར་པ་རྒྱག་རོགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དགུན་ཁ་ཤར་བས། ཀན་ལྷོ་ཀྲོའུ་འབྲུག་ཆུ་རྫོང་སྦྲ་རྫོང་ཤང་ཆན་པེ་ཧྲན་གྲོང་ཚོར་(ས་གནས་དེ་གའི་གྲོང་མིས་མགོ་གཙང་སྐྱིད་པོ་ནང་གྲོང་ཚོ་ཞེས་འབོད་ཀྱི་ཡོད)གྲང་ཟུག་མངོན་གསལ་དོད་པོ་སླེབས་མོད། འོན་ཀྱང་། གྲོང་ཚོར་བརྒྱབ་མ་ཐག་པའི་ཁང་པ་གསར་པའི་ནང་ད་ལོ་ལོ་79ལ་སླེབས་པའི་བོད་རིགས་རྒན་མོ་ཧོང་དབན་ཡིའུ་ཡིས་ཟ་མ་ཟ་བཞིན་པའི་ཚ་མོ་གཉིས་ལ་ལྟ་བ་དང་ཆབས་ཅིག་བཞིན་ནས་མཛུབ་མདངས་འཕྱུར།
         སྐད་སྒྱུར་བས་སྐད་སྒྱུར་བ་བརྒྱུད། རྒན་མོ་ཧོང་དབན་ཡིའུ་ཡིས་རང་ཉིད་ཀྱི་འཚོ་བའི་འགྱུར་ལྡོག་སྐོར་གླེང་། “སྔོན་ཆད་ཁང་པ་ཚང་མ་སོ་ཕག་ལས་བརྒྱབ་པ་ཤ་སྟག་རེད། ལོ་གཉིས་གོང་ཚ་བོས་ངའི་ཁང་པ་གསར་རྒྱག་བྱས་ནའང་། རྒྱུ་ཆ་ཚང་མ་སྔར་བཞིན་སོ་ཕག་རེད། ན་ནིང་སྲིད་གཞུང་གི་རོགས་རམ་འོག ངའི་ཁང་པར་རྫ་དཀར་སྦྱར་བ་མ་ཟད། ད་དུང་སྒོ་རའི་ནང་འཁྲུད་ཁང་དང་གསང་སྤྱོད་བརྒྱབ་པ་དང་ཨར་འདམ་ལམ་ཡང་བཏིངས་པའི་ཁར་རྒྱལ་སྒོ་ཡང་གསར་པ་བརྒྱབ་བྱུང་། གནས་ཚུལ་དེ་དག་སྔོན་མ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་བཤད།
         སྣོད་བཅུད་འབྱོར་འབྲིང་གྲོང་ཚོ་འཆར་འགོད་དང་འཛུགས་སྐྲུན་བྱས་པ་ལས། རྒན་མོ་ཧོང་དབན་ཡིའུ་ཚུད་པའི་མགོ་གཙང་སྐྱིད་ནང་གྲོང་ཚོའི་གྲོང་མི་76ཚང་མ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་གསར་པར་སྤོས་་ཡོད། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིས“རྫོང་དུ་སྣོད་བཅུད་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་འཆར་འགོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱུང་རྗེས། ང་ཚོའི་གྲོང་ཚོར་འདེམས་ཤོག་འཕེན་པ་དང་སྤྱི་བསྒྲགས་སོགས་བརྒྱུད་སྔོན་ལ་ཚ་བོ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་རྒན་མོ་ཧོང་དབན་ཡིའུ་ཡི་ཁང་པ་སྒྱུར་བཀོད་བྱ་རྒྱུ་དེ་གྲོང་ཚོའི་དཔེ་སྟོན་སྡོད་ཁང་གྲས་སུ་བཅུག་ཡོད། གྲོང་ཚོའི་དུད་ཚང་ཚང་མར་རྒྱལ་སྒོ་དང་། སྒོ་ར། གྱང་སོགས་ལ་རྫ་དཀར་སྦྱོར་བའི་ཁ་གསབ་དངུལ་སྒོར་ཁྲི་གཉིས་དང་བདུན་སྟོང་ལོངས་སུ་སྤྱོད་རྒྱུ་བྱུང་བ་ཕུད། སྲིད་གཞུང་གིས་ད་དུང་མ་དངུལ་བཏང་ནས་རྒན་མོ་ཧོང་དབན་ཡིའུ་ལ་འཁྲུད་ཁང་དང་གསང་སྤྱོད་སོགས་བརྒྱབ་ནས་རྫ་དཀར་སྦྱར་ཡོད། དེ་དང་དུས་མཚུངས། ཕྱིར་གླ་པར་འགྲོ་མཁན་གྱི་ཕྱུག་འགྱུར་མི་སྣ་བརྒྱུད་རྒན་མོ་ཧོང་དབན་ཡིའུ་ཡི་ཚ་བོར་སྔོན་ལ་ལྟ་རྟོག་བྱས་པས། ལོ་དང་པོ་དང་གཉིས་པར་གླ་པར་སྐྱོད་པར་ཡོང་འབབ་སྒོར་ཁྲི་གསུམ་ནས་བཞི་བར་བྱུང་ཡོད། དེར་བརྟེན་ཁྱིམ་ཚང་གི་ཆ་རྐྱེན་ཉིན་བཞིན་ཡག་ཏུ་ཕྱིན་ཡོད”ཅེས་བརྗོད།
         “སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པས། ཕྱིར་གླ་པར་སྐྱོད་མཁན་ཚོའི་སེམས་ཁྲལ་བསལ་ཡོད”ཅེས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིས་བརྗོད་ལ། མགོ་གཙང་སྐྱིད་པོ་ནང་གྲོང་ཚོའི་འཆར་འགོད་སྐོར་གླེང་ཞིང་། ཁོང་གིས“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་ང་ཚོས་གདོད་མའི་སྣོད་བཅུད་རྣམ་པ་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཞག་ནས་སྔར་ཡོད་ཀྱི་རྩིག་རྨང་ཐོག་རྒྱུ་ཆ་རང་ས་ནས་འཚོལ་བ་དང་ཆབས་ཅིག་རྫ་ལེབ་དང་། སོ་ཕག གནས་དེ་གའི་རྡོ་གཡམ་སྤྱད་ནས་གནའ་ཉམས་དང་ལྟ་སྣང་དོད་པའི་སྲོལ་རྒྱུན་གྱི་བོད་བཟོའི་ཁང་པ་འཛུགས་སྐྲུན་བྱས་པས། དམིགས་བསལ་གྱི་བཟོ་སྐྲུན་ཁྱད་ཆོས་ཤིག་མངོན་བཞིན་འདུག དེ་དང་དུས་མཚུངས་འབྲི་ཆུའི་རྒྱུག་ཁུལ་དང་ས་གནས་ཀྱི་ཁྱད་ཆོས་སོགས་ཟུང་དུ་འབྲེལ་བའི་སྣ་མང་རིག་གནས་གྱང་བསྐྲུན་ནས་ཁྱད་ཆོས་ལྡན་པའི་བོད་རིགས་ཡུལ་སྐོར་གྲོང་ཚོ་འཆར་འགོད་བྱས་ཡོད། དེས་མ་ཚད་སྟར་ཁ་དང་སེའུ་སོགས་དཔལ་འབྱོར་སྐྱེ་དངོས་བཏབ་ནས་སྟར་ཁའི་བག་ལེབ་དང་སེའུ་འཐུ་བའི་དུས་ཆེན་སོགས་ཁྱད་ལྡན་བཟའ་བཅའི་བྱེད་སྒོ་ཁྱབ་གདལ་བཏང་སྟེ། འགྲུལ་པ་མང་པོ་ང་ཚོའི་གྲོང་ཚོར་ཡོང་བའི་ཡིད་དབང་བཀུག་ཡོད། མི་རིང་བར་ང་ཚོའི་གྲོང་ཚོས་རྒྱལ་ཡོངས་ཀྱི་གྲོང་ཚོ་གཞན་དང་འདྲ་བར་མཉམ་དུ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།