༄༅།།མའོ་ཀྲུའུ་ཞིས"ཕུགས་རེ་ཁྱེད་ཚོར་བཅོལ་ཡོད"ཅེས་པའི་གསུང་བཤད་གནང་ནས་ལོ་དྲུག་
ཅུ་འཁོར་བའི་དྲན་གསོའི་བྱེད་སྒོ་ཨུ་རུ་སུར་གཉེར་བ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 11ཚེས་27ཉིན། 09:58】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། མའོ་ཀྲུའུ་ཞིས“རེ་བ་ཁྱེད་ཚོར་བཅོལ་ཡོད”ཅེས་པའི་གསུང་བཤད་གནང་ནས་ལོ་དྲུག་ཅུ་འཁོར་བའི་དྲན་གསོའི་བྱེད་སྒོ་དེ་ཉེ་ཆར་མོ་སི་ཁོར་གཉེར་བ་རེད། ད་རེས་ཀྱི་བྱེད་སྒོ་ནི་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་སློབ་གསོ་ཁྲུའུ་དང་ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱི་ཕྱི་སྦྱོང་སློབ་མའི་ཨུ་རུ་སུའི་ཡན་ལག་ཚོགས་པ་གཉིས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་དེར་ཀྲུང་གོ་དང་ཨུ་རུ་སུའི་སློབ་གསོའི་ལས་རིགས་དང་། ཁེ་ལས་ལས་རིགས། ཨུ་རུ་སུའི་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་མི་200ཙམ་ཞུགས་ཡོད།
ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུད་ཀྱིས་ཤིས་ཚིག་གསུངས་པ་དང་། ཁོང་གིས་ལོ་དྲུག་ཅུའི་གོང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མོ་སི་ཁོ་སློབ་ཆེན་ལ་གསུང་བཤད་གནང་བ་དེ་གཞོན་ནུ་མི་རབས་མང་པོར་ཧུར་སྐྱེད་ཡར་བརྩོན་ཡོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ལོ་དྲུག་ཅུའི་རྗེས་ཀྱི་ད་ཆར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད། ད་ཆ་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོན་པོ་ཞིག་ཐོག་རྒྱུན་འཁྱོངས་བཞིན་ཡོད་པ་དང་ཨུ་རུ་སུར་ཉིན་གང་ལམ་ལུགས་ཀྱི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁྲི་2.3ལྷག་ཡོད་པས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད། ཨུ་རུ་སུར་སློབ་སྦྱོང་བྱེད་མཁན་སློབ་མ་ཚོས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་དང་སྔ་ཙམ་སྦྱངས་པ་ཐོན་པ་བྱས་ཏེ། མེས་རྒྱལ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་བའི་རླབས་ཆེན་བྱ་གཞག་ནང་ཞུགས་ནས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་འབད་པ་ལྷོད་མེད་བྱེད་དགོས་ཞེས་གསུངས།
ཨུ་རུ་སུ་དང་ཀྲུང་གོའི་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཁུ་ལི་ཁོའོ་ཝ་ཡིས་ཨུ་རུ་སུ་དང་ཀྲུང་གོ་ནི་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་གཞོན་ནུ་ཚོས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་འབྱུང་འགྱུར་འོད་ཟེར་ལྡན་པ་ཞིག་ཡོང་ཆེད་མཉམ་དུ་འབད་འཐབ་བྱེད་དགོས་ཞེས་གསུངས།
1957ལོའི་ཟླ་11ཚེས་17ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་ཟླ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་བཞི་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་། མོ་སི་ཁོ་སློབ་ཆེན་དུ་སློབ་བུ་དོན་གཉེར་ཅན་སྟོང་ཕྲག་མང་པོ་འཛོམས་པའི་ཁྲོད་གསུང་བཤད་གལ་ཆེན་གནང་བ་སྟེ།
“འཛམ་གླིང་ནི་ཁྱེད་ཚོའི་ཡིན་ལ་ང་ཚོའི་ཡང་ཡིན། ཡིན་ནའང་མཐར་གཏུགས་ནས་བཤད་ན་ཁྱེད་ཚོའི་རེད། ཁྱེད་ཚོ་གཞོན་ནུ་རྣམས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལང་ཚོ་དར་བའི་སྒང་ཡིན་པས། ཞོགས་པའི་ཆུ་ཚོད་བརྒྱད་པ་དང་དགུ་པའི་ཉི་མ་དང་མཚུངས། ཕུགས་རེ་དེ་ཁྱེད་ཚོར་བཅོལ་ཡོད” མའོ་ཀྲུའུ་ཞིའི་གསུང་བཏུས་དེས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་མི་རབས་མང་པོས་མི་རིགས་བསྐྱར་དར་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་ལྡན་པ་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ཧུར་སྐྱེད་ཡར་བརྩོན་ངང་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་ཐེབས་ཡོད།