འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡར་རྒྱ་ཡིག་སྦྱོང་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མུ་མཐུད་ཇེ་མང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་དབར་ཚོང་དོན་སྦྲེལ་འདྲིས་ཟབ་ཏུ་ཕྱིན་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་སློབ་གྲྭ་འབྲིང་ཆུང་སྔར་བས་མང་བར་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཤིང་། རྒྱ་ཡིག་སྦྱོང་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡང་ལོ་ལྟར་མང་དུ་འགྲོ་བཞིན་ཡོད་པ་རེད།
         ཞུས་ཉི་ཚན་རྩལ་སློབ་ཆེན་གྱི་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བ་ཞིབ་འཇུག་ཁང་གི་བརྟག་དཔྱད་སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། 2008ལོ་ནས་བཟུང་རྒྱ་ཡིག་སྦྱོང་བའི་ཨོ་སི་ཁྲུ་ལི་ཡའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་མི་གྲངས་ལྡབ་གཅིག་འཕར་ནས་མི་ཁྲི་17.3ཙམ་ཟིན་པ་དེས་སློབ་ཞུགས་མི་གྲངས་བསྡོམས་འབོར་གྱི་4.7%ཟིན་ཡོད།
        ཨོ་སི་ཁྲུ་ལི་ཡའི་ཀྲོའུ་ཁག་གི་ནང་ནས་ཝི་ཁེ་ཐོ་རུའེ་ཡ་ཀྲོའུ་ཡི་རྒྱ་ཡིག་སློབ་ཁྲིད་ཀྱི་ཡར་རྒྱས་ནི་མངོན་གསལ་དོད་ཤོས་ཡིན། 2010ལོ་ནས་བཟུང་ཀྲོའུ་དེའི་གཞུང་བཙུགས་སློབ་གྲྭར་རྒྱ་ཡིག་སྦྱོང་བའི་མི་གྲངས་མགྱོགས་མྱུར་འཕར་བ་དང་། སློབ་གྲྭར་སློབ་སྦྱོང་བྱེད་མུས་ཀྱི་མི་གྲངས་ལྟར་རྩིས་བརྒྱབ་ན་2016ལོར་རྒྱ་ཡིག་ནི་ཀྲོའུ་དེར་ཁྱབ་ཆེ་ཤོས་ཀྱི་ཕྱི་སྐད་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
        ཨོ་སི་ཁྲུ་ལི་ཡ་ལྷོ་རྒྱུད་ཀྲོའུ་ཡིས་སློབ་གྲྭའི་སྐད་ཡིག་སློབ་ཚན་ལ་ལེགས་སྒྲིག་བྱས་ཏེ་རྒྱ་ཡིག་ཚུད་པའི་ཨེ་ཤེ་ཡའི་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་གི་ཡོད་པ་རེད། ཀྲོའུ་དེའི་སློབ་གསོ་ཐིང་གི་ཐིང་ཀྲང་སུའུ་ཧྲན·ཁེ་ལུའོ་སིས། དེང་སྐབས་ཀྱི་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་བབ་འོག་སློབ་མ་རྣམས་རྒྱལ་སྤྱིའི་སྤྱི་དམངས་དང་རྒྱལ་སྤྱིའི་འགྲན་རྩོད་པར་འགྱུར་རྒྱུ་ནི་དེ་བས་ཀྱང་གལ་ཆེ་ཤོས་ཡིན། གལ་སྲིད་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ལྷོ་རྒྱུད་གྱིས་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ནས་མུ་མཐུད་ཕན་པ་ཐོབ་འདོད་ན་ངེས་པར་དུ་རིག་གནས་དང་སྐད་ཡིག་ལས་བརྒལ་བའི་སྤེལ་རེས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་ཞེས་བརྗོད།
         ཉིན་ཤས་གོང་། ཨོ་སི་ཁྲུ་ལི་ཡའི་སྨྱན་སྦྱོར་ཐོག་རྒྱའི་སྤྱི་སྐད་ནི་ཨོ་སི་ཁྲུ་ལི་ཡ་རུ་དབྱིན་སྐད་ཕུད་པའི་སྤྱོད་མཁན་མང་ཤོས་ཀྱི་སྐད་ཡིག་ཅིག་ཏུ་གྱུར་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡར་མི་ཁྲི་59.8ཀྱིས་རྒྱུན་གཏན་འཚོ་བའི་ནང་རྒྱའི་སྤྱི་སྐད་རྒྱག་པ་དེ་ཨང་རིམ་གསུམ་པ་ཟིན་པའི་ཨ་རབ་སྐད་སྤྱོད་པའི་མི་གྲངས་དང་བསྡུར་ན་ལྡབ་གཅིག་ཙམ་གྱིས་མང་ཁར་རྒྱའི་སྤྱི་སྐད་ཤོད་པའི་མི་གྲངས་ད་དུང་ལོ་རེར་མི་ཁྲི་5.2ཀྱི་མྱུར་ཚད་ཀྱི་ཐོག་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།