འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན"ལོ་ན་ཆེ་བའི་མི་ཧྲེང་སྤྱི་ཚོགས"སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྭ་དབྱི་ཡིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་དུ་བཞི་ཆ་གཅིག་གི་རི་པིན་སྐྱེས་པ་དང་བདུན་ཆ་གཅིག་གི་བུད་མེད་ཀྱིས་ལོ་50མ་སླེབས་བར་གཉེན་སྒྲིག་བྱས་མེད། རི་པིན་སྲིད་གཞུང་གིས་ཐབས་ཤེས་གང་དྲག་ཅི་དྲག་བཏོན་ནས་དཀའ་གནད་དེ་ཐག་གཅོད་བྱས་ཀྱང་ཕན་འབྲས་ཡག་པོ་ཐོན་མེད། རིགས་གཅིག་མཁས་ཅན་གྱིས་རི་པིན་གྱི་མི་འབོར་ཉུང་དུ་འགྲོ་བ་ནི་ལྡོག་མེད་ཞིག་ཡིན་པས“ལོ་ན་ཆེ་བའི་མི་ཧྲེང་སྤྱི་ཚོགས”དང“མི་ཧྲེང་རྒྱལ་ཁབ་ཆེན་པོ”ཞེས་པ་རི་པིན་གྱི་མཚོན་བྱང་ཞིག་ཏུ་འགྱུར་བཞིན་ཡོད་པའི་ངོས་འཛིན་བྱས་པ་རེད།
         རི་པིན་གྱི་གཞུང་བཙུགས་སྤྱི་ཚོགས་འགན་ལེན་དང་མི་འབོར་གནད་དོན་ཞིབ་འཇུག་སུའོ་ཡིས་ཡུན་རིང་མ་སོང་གོང“ཚེ་གང་མི་ཧྲེང་དུ་ལུས་ཚད”སྐོར་གྱི་བརྟག་དཔྱད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལས་2015ལོར་ལོ་50མ་སླེབས་བར་གཉེན་སྒྲིག་བྱས་མེད་པའི་རི་པིན་གྱི་སྐྱེས་པའི་བསྡུར་གྲངས་23.4%ཙམ་ཟིན་པ་དང་བུད་མེད་ཀྱི་བསྡུར་གྲངས་14.1%ཙམ་ཟིན་པ་དེ་2010ལོ་དང་བསྡུར་ན་ཆ་སྙོམས་བརྒྱ་ཆའི་གྲངས་3འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་མངོན་ཡོད།
         རི་པིན་བ་མི་ཧྲེང་དུ་ལུས་ཚད་མཐོ་པོ་དེ་འདྲ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་དཔལ་འབྱོར་གྱི་གནས་ཚུལ་ཡིན། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ལོ་འགོར་རི་པིན་གྱི་དཔལ་འབྱོར་ལྦུ་སོབ་སྟོང་པར་གྱུར་ཏེ་རི་པིན་བའི་ཆ་སྙོམས་ཡོང་འབབ་ཆག་པ་ནས་བཟུང་ཕོ་མོ“མི་ཧྲེང་དུ་ལུས་ཚད”མྱུར་འཕར་བྱུང་ཡོད། 2014ལོར་རི་པིན་དུ་གཉེན་སྒྲིག་ཐོ་བཀོད་བྱེད་མཁན་ཕོ་མོ་ཆ་ཁྲི་64ལས་མེད་པ་དེས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་ཀྱི་ཟིན་ཐོ་དམའ་ཤོས་བཏོད་ཡོད།
         པོ་པའོ་ཐང་གི་མི་ཧྲེང་གནད་དོན་བརྟག་དཔྱད་ཀྱི་རྣམ་གྲངས་འགན་ཁུར་བ་ཧོང་ཁྲོན་ཧོ་ཅིའུ་ཡིས་དཔལ་འབྱོར་ཁོར་ཡུག་ཞན་དུ་སོང་བ་དང་ཡོང་འབབ་ཆག་པ་ནི་མི་མང་པོ་ཞིག་གཉེན་སྒྲིག་བྱེད་མི་འདོད་པ་དང་གཉེན་སྒྲིག་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ལྷག་དོན་དུ་སྐྱེས་པའི་ཡོང་འབབ་ཆག་ནས་སྐྱེས་པ་མང་པོ་ཞིག་གཉེན་སྒྲིག་བྱེད་མི་ནུས་པར་གྱུར་པའི་ངོས་འཛིན་བྱས་པ་རེད།
        རི་པིན་སྤྱི་ཚོགས་ཀྱིས“ལོ་ན་ཆེ་བའི་མི་ཧྲེང་སྤྱི་ཚོགས”དང་ཕྲུ་གུ་ཉུང་ལ་ལོ་ན་ཆེ་བའི་མཇུག་འབྲས་ལ་ཡོངས་ཁྱབ་ངང་སེམས་ཁྲལ་བྱེད་ཀྱི་ཡོད། དེར་བརྟེན་ས་གནས་ཁག་གི་སྲིད་གཞུང་གིས་ཐབས་ཤེས་གང་དྲག་ཅི་དྲག་བཏོན་ནས་མི་ཧྲེང་ཕོ་མོ་ལེ་དབར་མཚམས་སྦྱོར་བྱེད་ཀྱི་ཡོད། དམངས་ཁྲོད་ཀྱི་གཉེན་སྒྲིག་བར་འབྲེལ་སྒྲིག་གཞི་སྣ་ཚོགས་ཕུད་2015ལོར་རི་པིན་སྲིད་གཞུང་གིས“གཉེན་སྒྲིག་རོགས་སྐྱོར”དེ་ཐོག་མར་གཙོ་གནད་བྱ་ཐབས་ཤིག་ལ་བརྩིས་ནས་ཕྲུ་གུ་ཉུང་བའི་སྤྱི་ཚོགས་ལ་ཁ་གཏད་གཅོག་པའི་རྩ་གནད་ནང་བཅུག་སྟེ་དེ་སྔོན་གྱི་ཕྲུ་གུ་ཉུང་བར་ཁ་གཏད་གཅོག་ཐབས་ཀྱི་གཙོ་གནད་འདི་ཕྲུ་གུ་གསོ་སྐྱོང་རོགས་སྐྱོར་ནས“གཉེན་སྒྲིག་རོགས་སྐྱོར”བར་འགྱུར་ལྡོག་བཏང་བ་དང་ཁྱབ་ཁོངས་ཁག་ཏུ་གཉེན་སྒྲིག་དང་ཕྲུ་གུ་གསོ་སྐྱོང་ལ་ཕན་པ་ཡོད་པའི་ལམ་ལུགས་ཤིག་འཛུགས་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།