འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བརྗོད་ཚུལ་གསར་པ་དང་བྱ་ཐབས་གསར་པ། 

    བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལེ་ཚན་གཏོད་པའི་གཏམ། ཚོགས་ཆེན་བཅུ་དགུ་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་པའི་བརྗིད་ཆེའི་དམིགས་ཚད་བཀོད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་རེད། 
         མིག་སྔར་ང་ཚོའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ལས་འགན་ཁག་གི་ཐོག་གཅིག་སྒྲིལ་བྱ་རྒྱུ་དེ་རེད།
        དེ་རིང་ནས་བཟུང་རེས་གཟའ་ལྷག་པ་དང་པ་སངས་ཀྱི་པར་ངོས་ལྔ་པའི་ཐོག“ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བསྡུས་གསལ་མེ་ལོང”ཞེས་པའི་ལེ་ཚན་གཏོད་རྒྱུ་ཡིན་པས། དོ་ཁུར་ཡོད་པ་ཞུ།
        1.ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི།
         ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་པའི་རྩ་བའི་སྒུལ་ཤུགས་ཤིག་ཡིན་ཞེས་བཏོན་ཡོད།
        2.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ།
        འདི་ནི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཅད་པའི་བརྡར་ཤ་གལ་ཆེན་ཞིག་ཡིན། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པར་རིམ་པ་གསུམ་གྱི་དོན་སྙིང་དང་ཕྱོགས་ལྔ་ཡི་ངེས་གནས་ལྡན་པ་རྒྱས་བཤད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བསྟུན་ནས་རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླར་ཡང་འགྱུར་ལྡོག་བྱུང་ཡོད།
        3.རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ།
        “མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ”ནས“མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར”གྱུར་ཡོད།
         ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཕྱིན་པ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་མོད། འོན་ཀྱང་ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་གནས་པའི་ལོ་རྒྱུས་ཀྱི་དུས་མཚམས་ལ་བརྡར་ཤ་བཅད་པར་འགྱུར་ལྡོག་བྱུང་མེད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་གནས་པ་དང་ཡུན་རིང་གནས་རྒྱུ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད། རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་གནས་བབ་ལའང་འགྱུར་ལྡོག་བྱུང་མེད་ཅེས་བསྟན་ཡོད།
        4.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།
         ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། གང་འདྲ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་དམིགས་ནས་རང་རེའི་ཏང་གིས་དཀའ་ཚེགས་ཆེན་པོས་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་བྱས་པ་བརྒྱུད་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་ཡོད་ཅེས་བཏོན་ཡོད།
         དགོངས་པ་འདི་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་རེད་ལ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་དང་། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན།
        5.དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས།
         ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་ཆེ་མོ་བཅུ་བཞི་བཏོན་ཡོད་པ་དང་། དེའི་ནང་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་གཏོང་བྱེད་རྒྱུ་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བཅས་ཚུད་ཡོད།
        6.ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
        དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་བཅུ་བཞིའི་ནང་ཨང་དང་པོར་བཞག་པ་ནི་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དེ་ཡིན། སྙན་སྒྲོན་ནང“ཏང་སྲིད་དམག་དམངས་སློབ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་ནི་ཚང་མར་འགོ་ཁྲིད་བྱེད་མཁན་ཞིག་ཡིན”ཞེས་བསྐྱར་བཤད་བྱས་ཡོད།
        7.“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིཌ་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས།
         ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས་ཤིག་རེད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་དགོས་ལ། དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་བཙུགས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་ཕྱོགས་སུ་སྐྱོད་དགོས་ཞེས་བཏོན་ཡོད།
        8.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག
        ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུས་མཚམས་གཉིས་ལ་ཕྱེ་ནས་བཀོད་སྒྲིག་བྱས་ན་ཆོག་ཅེས་བཏོན་ཡོད།
        དུས་མཚམས་དང་པོ་ནི་2020ལོ་ནས་2035ལོའི་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ཡིན་པ་དང་།
         དུས་མཚམས་གཉིས་པ་ནི་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རྩ་བའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་རྒྱུ་དེ་རེད།
        9.འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན།
        ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས”ཞེས་བཏོན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འབད་འཐབ་དམིགས་ཚད་དེ“འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན”བཅས་ནས“འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག”བཅས་བར་སྔར་བས་རྒྱ་ཆེར་བཏང་ཡོད། དེའི་ནང“མཛེས་སྡུག”ཅེས་པ་ཁ་སྣོན་བརྒྱབ་ཡོད་པས། དཔལ་འབྱོར་དང་། ཆབ་སྲིད། ཤེས་དཔལ། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་ཚད་དེ་བས་ལེགས་པའི་ངང་སྦྲེལ་མཐུད་ཐུབ་ཡོད།
        10.བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ།
        ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ་བཅས་བྱེད་པའི་ཐད་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བ་བྱས་ཏེ་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ནང་མི་དམངས་ཡོངས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
         “དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་གནས་སྡོད་ཆ་རྐྱེན། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག དེ་བས་ཕུན་སུམ་ཚོགས་པའི་བསམ་པ་དང་རིག་གནས་ཀྱི་འཚོ་བ་རེ་སྒུག་བྱེད་པའི”ཐད་ཚིག་ཉུང་དོན་གསལ་གྱི་སྒོ་ནས་ཞིབ་གླེང་བྱས་ཡོད། (མུ་འགོད་བྱ་རྒྱུ་ཡིན་པ།)
      

    ཕྱོགས་བསྡུས་གསར་འགྱུར།