༄༅།།གཏན་འཇགས་གཞི་རྩའི་ཞིང་ཁ་མུའུ་དུང་ཕྱུར་15.5ཚང་མ་དུད་ཚང་ལ་དོན་ཐོག་
ཏུ་འཁྱོལ་བ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 11ཚེས་21ཉིན། 10:09】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། གསར་འགོད་པར་དེ་གོང་ནན་ཅིང་དུ་འཚོགས་པའི་རྒྱལ་ཡོངས་རྨོ་ཞིང་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྒྱལ་ཡོངས་སུ་གཏན་འཇགས་གཞི་རྩའི་ཞིང་ཁ་ཁྱོན་མུའུ་དུང་ཕྱུར་15.5དབྱེ་མཚམས་བཅད་ཡོད་པ་དེ་རྒྱལ་ཡོངས་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་ཀྱིས་གཏན་འཁེལ་བྱས་པའི་སྲུང་སྐྱོབ་དམིགས་ཚད་མུའུ་དུང་ཕྱུར་15.46ལས་བརྒལ་བ་དང་འབྲེལ་ཚང་མ་འཆར་འགོད་བྱས་ནས་མཛོད་དུ་བཅུག་ཡོད་པ་དང་དུད་ཚང་དུ་དོན་འཁྱོལ་བྱས་ཡོད། ལྷག་པར་དུ་གྲོང་ཁྱེར་མཐའ་འཁོར་གྱི་སྲུང་སྐྱོང་བསྡུར་ཚད་45%ནས་60%བར་གཏན་འཁེལ་བྱས་པ་དང་ནགས་ཚལ་དང་། ཆུ་རྒྱུན། མཚེའུ། རི་བོ་སོགས་དང་མཉམ་དུ་གྲོང་ཁྱེར་གྱི་སྣོད་བཅུད་སྲུང་ཡོལ་གྲུབ་ནས་གྲོང་ཁྱེར་གསར་སྤེལ་གྱི་ནན་ལ་འགལ་དུ་མི་རུང་བའི་འཆུན་སྡོམ་གྱི་གཟུགས་སུ་གྲུབ་པའི་དབྱེ་མཚམས་སུ་གྱུར་ཡོད།
རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཚའོ་ཝུའེ་ཤིན་གྱིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རྨོ་ཞིང་གྲངས་འབོར་དང་། སྤུས་ཚད། སྣོད་བཅུད་བཅས་ཕྱོགས་གསུམ་གཞི་གཅིག་སྲུང་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“ས་ཆ་བཅོས་སྒྲིག+”ཞེས་པ་ཁ་ཕྱོགས་གཙོ་བོར་བྱེད་པའི་ལས་ཀའི་བཀོད་པ་གསར་པར་རིམ་བཞིན་ཆགས་ཡོད། ས་ཁུལ་ཁག་གིས་རྨོ་ཞིང་བཟུང་བའི་ཁ་གསབ་དོ་སྙོམས་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་རྒྱལ་ཡོངས་ཀྱི་འཛུགས་སྐྲུན་ཐད་བཟུང་སྤྱོད་བྱེད་པའི་རྨོ་ཞིང་མུའུ་ཁྲི་1560ཡོད་པ་དང་དུས་མཚུངས་མུའུ་ཁྲི་2259ཁ་གསབ་བྱས་ཏེ་བཟུང་གསབ་འདང་ངེས་བྱུང་ནས་95%ཡན་གྱི་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆར་སྔོན་ལ་ཁ་གསབ་སྤྲོད་པ་དང་རྗེས་སུ་བཟུང་སྤྱོད་བྱས་ཡོད་ཅེས་བཤད་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ས་གནས་ཁག་ཏུ་ས་ཆ་བསྡུ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་འཐུས་ཚང་བྱུང་ནས་ལོ་3ནས་5བར་ས་ཆ་བསྡུ་བའི་ཁ་གསབ་ཀྱི་ཚད་གཞི་ཐེངས་1སྤོར་རྒྱུ་ཡོངས་ཁྱབ་ངང་མངོན་འགྱུར་ཐུབ་ཡོད། རྒྱལ་ཡོངས་ས་ཆ་བསྡུ་བའི་ཆ་འཕྲིན་ཡོངས་བསྒྲགས་མཉམ་སྤྱོད་ལས་སྟེགས་བཙུགས་པས་ས་ཆ་བསྡུ་བའི་ཆོག་མཆན་མ་ཐོབ་གོང་དང་། ཆོག་མཆན་སྤྲོད་པ། ལག་བསྟར་བཅས་ཀྱི་ཆ་འཕྲིན་ཡོངས་ཁྱབ་ཐུབ་ཡོད། ཀྲུང་དབྱང་གི་རྒྱབ་སྐྱོར་བྱེད་པའི་ས་ཆ་བཅོས་སྒྲིག་གི་ལས་གྲྭ་གལ་ཆེན་14ཡིས་རྫོང་དབུལ་པོ་བརྒྱ་ཙམ་ལ་ཕན་ཐོགས་པའི་ནང་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་55ཡོད་པ་དང་ཞིང་པ་ཁྲི་650ལྷག་ཙམ་ལ་ཕན་ཐོགས་བྱུང་བ་རེད།