འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཁྲིར་ས་ཡོམ་ཆེན་པོ་རིམ་པ་6.9བརྒྱབ་ནའང་ད་བར་མི་སྣ་འཆི་རྨས་བྱུང་མེད་པའི་
    རྒྱུ་མཚན་གང་ཡིན་ནམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་ཞོགས་པའི་ཆུ་ཚོད་6དང་སྐར་མ་34ལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ས་ཡོམ་རིམ་པ་6.9བརྒྱབ་ཡོད། རིམ་པ་མཐོ་བའི་ས་ཡོམ་ཆེན་པོ་དེ་ལྟ་བུ་བྱུང་ནའང་གསར་འགོད་པས་གསར་འགྱུར་འདི་བྲིས་བའི་བར་ཡོམ་ཁུལ་དུ་མི་སྣ་འཆི་རྨས་ཀྱི་གནས་ཚུལ་གང་ཡང་ཐོན་མེད་ལ། རྒྱུ་ནོར་གྱི་གྱོང་གུན་ཡང་ཆུང་ངུ་ལས་ཕོག་མེད། དེའི་རྒྱུ་རྐྱེན་གང་ཡིན་འཚོལ་བའི་ཆེད་དུ་གསར་འགོད་པས་ཉིན་གཉིས་བསྟུད་མར་ཉིང་ཁྲིའི་ས་ཆ་ཁག་དང་ལྷག་པར་དུ་ཡོམ་ལྟེའི་ཁུལ་དུ་གནས་པའི་སྨན་གླིང་རྫོང་ཕད་གྲོང་རྡལ་གྲི་སྤས་གྲོང་ཚོ་དང་ཟུར་གསུམ་གྲོང་ཚོར་ལྟ་བར་བསྐྱོད་པ་ཡིན།
         ཡོམ་ལྟེ་ཡར་ཀླུང་གཙང་པོའི་རོང་ཆེན་ཁུལ་དུ་གནས་པ་དང་དེར་མི་འབོར་ཉུང་བ།
         ཚེས་19ཉིན་གྱི་ཞོགས་པ་གྲི་སྤས་གྲོང་ཚོའི་གྲོང་མི་ནོར་ལྡན་གྱིས་སྔ་པོ་ནས་བྲེལ་བརྩོན་ཆེན་པོས་ལོ་གསར་གྱི་རྟེན་འབྲེལ་ཞུ་བར་ཡོང་མཁན་སྐུ་མགྲོན་རྣམས་ལ་སྣེ་ལེན་ཞུ་བའི་གྲ་སྒྲིག་བྱེད་བཞིན་མཆིས། དེ་རིང་ནི་ནོར་ལྡན་གྱི་ཕ་ཡུལ་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོའི་ཁུལ་གྱི་ལོ་གཅིག་དུས་གཅིག་གི་དུས་ཆེན་གཟབ་ཤོས་ཏེ་ཀོང་པོའི་ལོ་གསར་རེད། གྲོང་ཚོའི་ཁར་གནས་པའི་ཞི་བདེ་རྒྱ་མཚོའི་འགན་བཅོལ་ཀུང་སིའི་གེགས་སེལ་ཞབས་ཞུའི་ས་ཚིགས་ཀྱི་ཉེ་འཁོར་དུ་གྲོང་མི་འགའ་ཤས་ལས་དོན་མི་སྣ་དང་མཉམ་དུ་ཉི་མ་བསྲོ་གིན་ཁ་བརྡ་གློད་བཞིན་འདུག
         གསར་འགོད་པ་2008ལོའི“5·12”
         དབུན་ཁྲོན་ས་ཡོམ་ཆེན་པོ་དང་2010ལོའི་ཟླ་4པའི་མཚོ་སྔོན་ཡུལ་ཤུལ་གྱི་ས་ཡོམ་རིམ་པ་7.1གི་གེགས་སེལ་འཕྲིན་སྤེལ་ནང་ཞུགས་མྱོང་ཡོད། འོན་ཀྱང་མིག་སྔའི་གནས་ཚུལ་འདི་དག་མཐོང་སྐབས་ས་ཆ་འདིར་ས་ཡོམ་ཆེན་པོ་རིམ་པ་6.9བརྒྱབ་མ་ཐག་པ་ཡིན་པ་ཡིད་ཆེས་ཀྱི་མི་འདུག
         “རྣམ་ཀུན་དང་མི་འདྲ་བ་གང་ཡང་མི་འདུག ཚང་མས་སྔར་རྒྱུན་བཞིན་ལས་ཀ་བྱེད་ཀྱི་འདུག དེ་རིང་ང་ཚོའི་ལོ་གསར་རེད། ཕྲན་ཙམ་ནས་གཉེན་ཉེའི་ཁྱིམ་དུ་རྟེན་འབྲེལ་ཞུ་བར་འགྲོ་རྩིས་ཡོད”ཅེས་གྲོང་མི་མིག་དམར་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་། ས་ཡོམ་རྒྱག་སྐབས་ཚང་མར་སྐྲག་སྣང་བྱུང་། འོན་ཀྱང་ཡོམ་ཆེན་པོ་བརྒྱབ་ནའང་ཁང་པ་དང་ལམ་རྡིབ་སྐྱོན་ཤོར་མ་སོང་ལ། གློག་ཀྱང་ཆད་མེད་པ་དང་ཁ་པར་གྱི་བརྡ་རྟགས་རྒྱུན་གཏན་ལྟར་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་དུ་ས་ཡོམ་ཆེན་པོ་རིམ་པ་6.9བརྒྱབ་ནས་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་པ་དང་། ཡོམ་ལྟེ་སྤྱིར་ན་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་3700ཟིན་ཡོད། ཁུལ་དེར་མི་ཚོགས་མཐུག་པ་དང་མི་འབོར་ཁྲི་2.3ལས་ཟིན་གྱི་མེད།
         ལོ་འདི་དག་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་ཕྱིན་པ་དང་གསར་དུ་བསྐྲུན་པའི་གྲོང་མིའི་སྡོད་ཁང་གི་སྤུས་ཚད་ཡག་པོ་ཡོད་པ།
         ཉིན་དེ་དག་ནང་གསར་འགོད་པས་རླངས་འཁོར་བཏང་སྟེ་ཉིང་ཁྲིའི་ས་ཡོམ་གྱི་གེགས་ཁུལ་དུ་བསྐྱོད་སྐབས་འགྲོ་ལམ་སྟེང་ཐོགས་མེད་ཤར་སྐྱོད་ཐུབ་པ་དང་འཕྲིན་གཏོང་བརྡ་རྟགས་རྒྱུན་གཏན་ལྟར་རེད་འདུག རོང་ཆེན་ཕྱོགས་སུ་བསྐྱོད་མཁན་གྱི་ཡུལ་སྐོར་རླངས་འཁོར་དང་སྒེར་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག གྲི་སྤས་གྲོང་ཚོ་ནས་ཟུར་གསུམ་གྲོང་ཚོར་བསྐྱོད་པའི་ལམ་བར་དུ་བདེ་ཞིང་ཡངས་པའི་སྣུམ་ནག་གཞུང་ལམ་འགྲམ་ནས་རི་སྟེང་ནས་ཉིལ་བའི་རྡོ་ཧྲུག་རེ་མཐོང་རྒྱུ་ཡོད་པ་དེ་ལས་གསར་འགོད་པར་ད་ལྟ་འདི་གར་ས་ཡོམ་ཆེན་པོ་ཞིག་བརྒྱབ་པ་དྲན་སྐུལ་བྱས་པ་དང་གཉིས་སུ་མ་མཆིས།
         “ཁང་པ་ཁག་གཅིག་ལ་སེར་ག་གས་པ་ཕུད། གྲོང་ཚོའི་དུད་ཚང་39ཚང་མ་ཁང་པ་རྡིབ་མེད་པ་དང་གྲོང་མི་280ལྷག་ཙམ་གཅིག་ལའང་འཆི་རྨས་བྱུང་མེད། ཁང་པ་རེ་གཉིས་ལ་གས་སྐྱོན་ཤོར་འདུག”ཅེས་ཟུར་གསུམ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་ཚེ་དབང་གིས་གསར་འགོད་པར་དེ་ལྟར་བཤད་པ་དང་། ས་ཡོམ་གྱིས་ཟུར་གསུམ་གྲོང་ཚོར་གྱོང་གུན་དེ་ཙམ་ཕོག་མི་འདུག
         གྲི་སྤས་གྲོང་ཚོའི་གྲོང་མི་མཚོ་མོའི་ཁྱིམ་ཚང་མགྲོན་ཁང་རྒྱུན་གཏན་ལྟར་ཚོང་གཉེར་བྱེད་བཞིན་འདུག“མགྲོན་ཁང་དེ་དག་ནི་ང་ཚོའི་འདི་གར་ཡུལ་སྐོར་འཕེལ་རྒྱས་ཕྱིན་རྗེས་སྲིད་གཞུང་གིས་ང་ཚོར་སྐྲུན་རོགས་བྱས་པ་ཞིག་རེད། སྤུས་ཚད་ཧ་ཅང་ཡག་པོ་འདུག ཁྱེད་རང་གཟིགས་དང་ས་ཡོམ་ཆེན་པོ་འདི་འདྲ་བརྒྱབ་ནའང་གྱང་ཟུར་དུ་སེར་ག་ཏོག་ཙམ་གས་པ་ཕུད་གཞན་དག་སྐྱོན་གང་ཡང་བྱུང་མི་འདུག”ཅེས་མཚོ་མོས་སེར་ག་ཆུང་ཆུང་ཞིག་ལ་མཛུབ་མོ་འཛུགས་བཞིན་དེ་ལྟར་བཤད་བྱུང་།
        “སྤོ་བོ་ལགས་ཀྱིས་1950ལོའི་ས་ཡོམ་ནང་གྲོང་ཚོའི་ཁང་པ་ཚང་མ་རྡིབ་པ་དང་མི་མང་པོ་ཤི་བ་རེད་ཅེས་གསུངས་ཀྱི་འདུག ད་ལྟའང་སྔོན་མའི་ཁང་པ་ལྟར་ཡིན་ན། ང་ཚོར་གྱོང་གུན་ཧ་ཅང་ཆེན་པོ་ཕོག་རྒྱུ་ཉག་ཅིག་རེད”ཅེས་དབང་འདུས་ཀྱིས་དེ་ལྟར་བཤད་པ་དང་། 2006ལོར་བོད་ཀྱིས་བདེ་སྡོད་ལས་གྲྭ་ཚད་བརྒལ་སར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་རྒྱུ་ལག་ལེན་བསྟར་བ་ནས་བཟུང་། གཞུང་ལམ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དབང་འདུས་ཀྱིས་ཀྱང་གྲོང་མི་གཞན་དང་འདྲ་བར་རང་ཉིད་ཀྱི་ཁང་པ་གསར་པ་བརྒྱབ་ཡོད།
         རྒྱལ་ཁབ་ཀྱིས་གེགས་སེལ་འཕྲལ་སྡོམ་དང་ལེན་ཛ་དྲག་ངང་ལག་བསྟར་བྱས་པ་དང་ཉིང་ཁྲིས་འཕྲལ་སྡོམ་བྱ་ཐབས་དུས་ཐོག་ཏུ་ལག་ལེན་བསྟར་བ།
         གྲི་སྤས་གྲོང་ཚོ་དང་ཟུར་གསུམ་གྲོང་ཚོར་གནོད་འཚེ་ཆེན་པོ་ཕོག་མེད་ནའང་། གེགས་སེལ་གུར་གྲལ་སྟར་འགྲིག་པོས་བརྒྱབ་ཡོད་པ་དང་། དཔུང་སྡེའི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པ་བཅས་ཀྱིས་གནོད་འཚེའི་གནས་ཚུལ་ཤེས་རྟོགས་དང་མི་སྣ་འཆི་རྨས་དང་ཁང་པར་གནོད་འཚེ་ཕོག་པ་སོགས་ཀྱི་གནས་ཚུལ་གྲལ་བཤེར་བྱེད་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།
         “ད་ཆ་ཚང་མ་བདེ་འཇགས་བྱུང་སོང་། འཕྲལ་དུ་ང་ཚོར་རོགས་རམ་གནང་བར་ཕེབས་མཁན་ལས་བྱེད་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག བཅིངས་འགྲོལ་དམག་མི་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གྲོང་མི་བཀྲ་ཤིས་ཉི་མས་དེ་ལྟར་བཤད་པ་དང་ཁོང་གིས“ས་ཡོམ་བརྒྱབ་རྗེས་ངས་ཕྲུ་གུ་གཉིས་པང་ཁར་བཏབ་སྟེ་ཕྱིར་རྒྱུག་ཕྱིན་པ་ཡིན། འོན་ཀྱང་ཅ་ལག་གང་ཞིག་ཕོག་མིན་ཤེས་མ་བྱུང་བས་དེས་རྨ་ཆུང་ཆུང་ཞིག་བཟོས་འདུག རས་དཀྲིས་ཟིན”ཞེས་བཤད་བྱུང་།
         ཚེས་19ཉིན་གྱི་སྔ་དྲོ་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བས“སྡེ་ཚན་ཁག་གིས་བྱ་སྤྱོད་སྤེལ་མྱུར་བ་དང་ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་བཀོད་འདོམས་དུས་ཐོག་དང་གནད་ལ་འཁེལ་བ་དེ་ནི་གནོད་འཚེ་ཉུང་གཏོང་གི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན”བོད་འདི་ཉིད་ས་ཡོམ་རྒྱག་མང་བའི་ས་ཁུལ་ཡིན་པས་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་ཡག་པོ་བྱས་ནས་མ་བྱུང་སྔོན་འགོག་བྱེད་དགོས་ཞེས་བཤད་པ་རེད།
         ཉིང་ཁྲིར་ས་ཡོམ་རིམ་པ་6.9བརྒྱབ་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་ཐོབ་ཡོད། ཚེས་18ཉིན་གྱི་སྔ་དྲོ་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུས་བོད་ལྗོངས་ཉིང་ཁྲིའི་ས་ཡོམ་རིམ་པ་6.9ལ་དམིགས་ཏེ་ཛ་དྲག་ཆེ་བའི་ངང་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་ལག་ལེན་བསྟར་འགོ་ཚུགས་པ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་ཛ་དྲག་ཆེ་བའི་ངང་རིམ་པ་གསུམ་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་ལག་ལེན་བསྟར་འགོ་ཚུགས་པ་རེད།
         ཚེས་18ཉིན་གྱི་ཞོགས་པ་ས་ཡོམ་བརྒྱབ་རྗེས་ཉིང་ཁྲི་གྲོང་ཁྱེར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་དུ་རྫོང(ཆུས)ཁག་དང་དེ་བཞིན་ཆུ་བེད་དང་། རྒྱལ་ཁབ་ས་ཆ། འགྲིམ་འགྲུལ། ནགས་ལས། ཡུལ་སྐོར། གློག་ཤུགས་སོགས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ཚོགས་ཆུང་གི་ཁོངས་མི་སྒྲིག་འཛུགས་དང་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་གཏོར་སྐྱོན་ཕོག་པའི་འགྲོ་ལམ་འགྲིམ་འགྲུལ་དང་། ཆུ་བེད་སྒྲིག་བཀོད། གློག་ཤུགས་སྒྲིག་བཀོད། འཕྲིན་གཏོང་སྒྲིག་བཀོད་སོགས་ཀྱི་མྱུར་བཟོའི་ལས་དོན་ཡག་པོ་བསྒྲུབས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་དང་ཤར་གཏོང་འགན་ལེན་དང་མཁོ་འདོན་འགན་ལེན་ལས་དོན་ཡག་པོ་བསྒུབས་ཏེ་རི་ཉིལ་བ་དང་། ནགས་ཚལ་གྱི་མེ་སྐྱོན། འགྲོ་ལམ་འགྲིམ་འགྲུལ་སོགས་ཀྱི་རང་བྱུང་གནོད་འཚེ་དང་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།