འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་བློ་ལ་བརྟན་པོར་འཆང་། ཞི་བདེར་གཅེས་འཛིན་ལྷག་པར་བྱེད། 

    དམག་ཆེན་དང་པོའི་སྐབས་ཀྱི་ཀྲུང་གོའི་བཟོ་པའི་དྲན་གསོའི་བརྐོས་བརྙན་པེར་ཀྲེམ་དུ་བཤམས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན་པེར་ཀྲེམ་གྱི་ནུབ་ཧྥོའོ་ལན་ཏེ་ཞིང་ཆེན་གྱི་པོའོ་ཕོའོ་ལིང་ཨེ་གྲོང་ཁྱེར་པུའུ་སི་པེན་གྲོང་ཚོའི་ཀྲུང་གོའི་བཟོ་པའི་བརྐོས་བརྙན་གླིང་ཁུལ་དུ་བཟོ་ལས་འཛིང་རགས་འདྲུ་བ་དང་། སྒྱོགས་མདེལ་དབོར་བ། སྒོ་ཁྲི་འདེགས་པ་བཅས་རྣམ་པ་གསུམ་ལས་གྲུབ་པའི་ཟངས་ཀྱི་བརྐོས་བརྙན་ཆེན་པོ་གཟབ་རྒྱས་ངང་བཤམས་པ་དང་། དེ་ལས་ཀྲུང་གོའི་བཟོ་པས་འཛམ་གླིང་དམག་ཆེན་དང་པོའི་ནང་དཀའ་སྡུག་བགེགས་བར་མྱངས་པ་དང་། ཞི་བདེ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་སེམས་ལ་བརྟན་པོ་ངེས་དགོས་པ་མཚོན་ཡོད།
         “1917ལོར་ཡིད་སྐྱོ་དགོས་པའི་འཛམ་གླིང་དམག་ཆེན་དང་པོ་ལངས་པ་དང་ངལ་རྩོལ་པ་ཧ་ཅང་དགོས་མཁོ་ཆེན་པོ་ཡོད། ཀྲུང་གོའི་བཟོ་པ་མི་ཁྲི་14ཡོ་རོབ་ཏུ་འབྱོར་ནས་གྲོས་ཆིངས་བཞག་པའི་རྒྱལ་ཁབ་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཁ་ཚ་དགོས་གཏུག་གི་དཀའ་ངལ་བསལ་ཡོད། ལོ་དེའི་ཟླ་11ཚེས་15ཉིན་གྱི་དགོང་མོ་འཇར་མན་དམག་གིས་པོའོ་ཕུའུ་ལིང་ཀེ་གྲོང་ཁྱེར་(པོའོ་ཕོའོ་ལིང་ཨེ་གྲོང་ཁྱེར་ཡིན)པུའུ་སི་པེན་གྲོང་ཚོའི་ཀྲུང་གོའི་བཟོ་པའི་སྒར་ཁུལ་དུ་འབར་མདེལ་དབྱུགས་པས་ཀྲུང་གོའི་བཟོ་པ་13གྱི་སྲོག་ཤོར། ཡ་ང་བའི་དོན་རྐྱེན་དེ་ཐོན་ནས་ལོ་བརྒྱ་འཁོར་བའི་མཚམས་སུ་བརྐོས་བརྙན་དེ་དམིགས་སུ་བཙུགས་ནས་དེང་གི་ཞི་བདེ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་བློ་ལ་བརྟན་པོ་ངེས་ཏེ་ཡོ་རོབ་ཀྱི་དམག་སར་རང་སྲོག་ཤོར་བའི་ཀྲུང་གོའི་བཟོ་པ་སྟོང་ཕྲག་ཁ་ཤས་ལ་མྱ་ངན་ཞུ་རྒྱུ་ཡིན”ཞེས་བརྐོས་བརྙན་གྱི་གཤམ་འོག་ཏུ་དེ་ལྟར་འཁོད་ཡོད་པ་རེད།
        བརྐོས་བརྙན་བཤམས་པའི་མཛད་སྒོའི་ཐོག་པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆུས་ཤིང་དང་། པོའོ་ཕོའོ་ལིང་ཨེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁེ་ལི་སི་ཐོའོ་ཕུའུ·ཏེ་ཡཱ་ཀེ ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་200ཙམ་དང་དེ་བཞིན་ཡུལ་དེའི་དམངས་ཚོགས་བཅས་ཀྱིས་གཟི་བརྗིད་ལྡན་པའི་དུས་སྐབས་དེར་མཉམ་དུ་དཔང་པོ་བྱས་ཡོད།
        ཏེ་ཡཱ་ཀེས་ཤིས་ཚིག་སྒྲོན་སྐབས“སྐབས་དེ་དུས་པོའོ་ཕོའོ་ལིང་ཨེ་གྲོང་ཁྱེར་ནི་དབྱིན་ཇིའི་དམག་གྲབས་རྟེན་གཞི་ཡིན་པ་དང་། ཀྲུང་གོའི་བཟོ་པ་འདི་གར་ལས་ཀ་དང་འཚོ་བ་སྐྱེལ་བཞིན་ཡོད་པ་དང་ཡོ་རོབ་བའི་རང་དབང་ཆེད་དུ་དམག་འཐབ་བྱེད་བཞིན་ཡོད”ཅེས་གསུངས།
        “བརྐོས་བརྙན་བཙུགས་པ་་དེས་པོའོ་ཕོའོ་ལིང་ཨེ་གྲོང་ཁྱེར་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། གང་ཡིན་ཟེར་ན། དེས་ང་ཚོར་དམག་ཆེན་དང་པོའི་ནང་ཧ་ལམ་བརྗེད་ངད་དུ་སོང་བའི་ལོ་རྒྱུས་དེར་དྲན་གསོ་ཞུ་བའི་གོ་སྐབས་རག་ཡོད”ཅེས་ཏེ་ཡཱ་ཀེས་དེ་ལྟར་གསུངས་པ་དང་ཁོང་གིས“ང་ཚོས་བརྐོས་བརྙན་བཤམས་པའི་བརྒྱུད་ཀྲུང་གོའི་ལས་བཟོས་འཛམ་གླིང་དམག་ཆེན་དང་པོར་བཞག་པའི་བྱས་རྗེས་ལ་དྲན་གསོ་ཞུ་བའི་རེ་བ་བྱེད་ཀྱི་ཡོད་ལ། ཀྲུང་གོ་བ་དེ་བས་མང་བ་པོའོ་ཕོའོ་ལིང་ཨེ་རུ་བརྐོས་བརྙན་དེ་དག་ལ་ལྟ་བར་ཡོང་ནས་ལོ་རྒྱུས་དེར་རྗེས་དྲན་ཞུ་བའི་རེ་བའང་བྱེད་ཀྱི་ཡོད”ཅེས་གསུངས།
        ལོ་རྒྱུས་ཡིག་རིགས་ནང་འཁོད་པ་ལྟར་ན། 1916ལོ་ནས་1918ལོ་བར་ཀྲུང་གོའི་ངལ་རྩོལ་བཟོ་པ་ཁྲི་14ཙམ་རང་ཡུལ་ནས་གྱེས་ཏེ་རྒྱ་མཚོ་ཆེན་པོ་བརྒལ་ནས་དམག་འཁྲུག་གི་དུ་ཞག་འཁྲིགས་པའི་ཡོ་རོབ་དམག་སར་ཡོང་སྟེ་དབྱིན་ཇི་དང་ཧྥ་རན་སེའི་དམག་དཔུང་ལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱས་ཡོད། དེའི་ཁྲོད་ཀྲུང་གོའི་བཟོ་པ་ཁྲི་1.2ཙམ་པེར་ཀྲེམ་དང་ཧྥ་རན་སེའི་ས་མཚམས་ཀྱི་དབྱི་ཕུའར་དང་པོའོ་ཕོའོ་ལིང་ཨེ་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད། ཀྲུང་གོའི་བཟོ་པ་དམག་སར་བསྐྱལ་རྗེས་འཛིང་རགས་འདྲུ་བ་དང་། སྒྱོགས་མདེལ་དབོར་བ། ཕུང་པོ་ས་སྦས་གཏོང་བ། ལམ་དང་ཟམ་པ་བཟོ་བ་སོགས་ཉེན་ཁ་ཆེ་བའི་ལས་ཀ་སྒྲུབ་དགོས་པ་ཕུད། ད་དུང་མི་མང་པོ་ཞིག་དམག་འཐབ་ནང་ཞུགས་དགོས་པ་མ་ཟད། དམག་འཁྲུག་མཇུག་འགྲིལ་རྗེས་གཡུལ་ས་གཙང་བཤེར་བྱེད་པའི་ལས་འགན་འཁུར་དགོས་ཀྱི་ཡོད།
        “ཡིད་ཧ་ཅང་ཕམ་དགོས་པ་ཞིག་ནི་དམག་ཆེན་དང་པོ་མཇུག་འགྲིལ་རྗེས་ཀྲུང་གོའི་བཟོ་པ་ཚོས་ལེགས་སྐྱེས་ཕུལ་བར་དགོས་ངེས་ཀྱི་བརྩི་འཇོག་དང་ཁས་ལེན་ཐོབ་མེད། འོན་ཀྱང་དབྱིན་ཇིར་ང་ཚོས་ལོ་རྒྱུས་དེ་གཏན་ནས་བརྗེད་མྱོང་མེད”ཅེས་པེར་ཀྲེམ་དུ་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་བ་ཨའེ་ལི་སིང·ལུའོ་སིས་བརྐོས་བརྙན་བཤམས་པའི་མཛད་སྒོའི་ཐོག་དེ་ལྟར་གསུངས་པ་དང་ཁོང་གིས“ད་བར་ལོ་ལྟར་དབྱིན་ཇི་སྲིད་གཞུང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡོ་རོབ་སྐམ་ས་ཆེ་མོར་འཛམ་གླིང་དམག་ཆེན་དང་པོའི་ལོ་རྒྱུས་ཀྱི་སློབ་ཁྲིད་ཡུལ་སྐོར་ལ་བསྐྱོད་པར་རྒྱུ་དངུལ་གྱི་རོགས་རམ་བྱེད་པ་དང་དེའི་ནང་ནས་ཀྲུང་གོའི་བཟོ་པའི་དུར་ས་ནི་ངེས་པར་དུ་འགྲོ་དགོས་པའི་ས་ཆ་ཞིག་རེད། ང་ཚོས་པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་པོའོ་ཕོའོ་ལིང་ཨེ་གྲོང་ཁྱེར་གྱིས་ཀྲུང་གོའི་བཟོ་པ་རྣམས་ལ་ལོ་100ཡི་རྗེས་སུ་ཁོང་ཚོར་ཐོབ་འོས་པའི་གཟི་བརྗིད་ཐོབ་ཏུ་བཅུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསུངས།
        བརྐོས་བརྙན་བཤམས་པའི་མཛད་སྒོ་མཇུག་འགྲིལ་རྗེས་སྐུ་མགྲོན་ཚོས་རིམ་པ་བཞིན་ཀྲུང་གོ་དང་པེར་ཀྲེམ་ཕྱོགས་ཀྱི་བརྐོས་བརྙན་ལ་གུས་འདུད་ཞུས་ནས་མེ་ཏོག་ཕྲེང་བ་ཕུལ་བ་དང་། པེར་ཀྲེམ་གྱི་སློབ་མ་ཚོས་ཀྱང་བརྐོས་བརྙན་མདུན་དུ་ཡོང་སྟེ་མེ་ཏོག་ཕུལ་བ་དང་གུས་འདུད་དང་ངག་བསྡམས་ནས་མྱ་ངན་ཞུ་སེམས་མཚོན་པར་བྱས། མཇུག་ཏུ་པོའོ་ཕོའོ་ལིང་ཨེ་གྲོང་ཁྱེར་རོལ་ཚོགས་ཀྱིས་དབྱིན་དམག་གིས་དམག་སར་སྲོག་ཤོར་བའི་དམག་མིར་དྲན་གསོ་ཞུ་བའི་རོལ་དབྱངས་《མཐའ་མཇུག་གི་ལས་གནས་》དང་། ཕུའུ་ལ་མོང་ཁུལ་གྱི་གླུ་དབྱངས། ཀྲུང་གོའི་རྒྱལ་གླུ་དང་པེར་ཀྲེམ་གྱི་རྒྱལ་གླུ་བཅས་རིམ་པ་བཞིན་དཀྲོལ་ནས་ཞི་བདེ་དང་དྲང་བདེན་བརྩོན་ལེན་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཀྲུང་གོའི་བཟོ་པར་དྲན་གསོ་ཞུས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕན་ཀེ་ཕིང་དང་ཀན་ཁྲུན་གྱིས། 
      

    ཕྱོགས་བསྡུས་གསར་འགྱུར།