༄༅།།བོད་རྒྱ་སྐད་གཉིས་སྒྲོག་འགྲེལ་ཚོགས་པས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱས། དམངས་ལ་
བརྩེ་སེམས་ཟབ་མོ་བཅངས།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 11ཚེས་16ཉིན། 10:24】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་མཚོ་སྔོན་འབའ་རྫོང་རྐ་འབའ་སུམ་མདོ་དང་འབའ་ལུང་སོགས་ཤང་གྲོང་དུ་མཚོ་ལྷོ་ཡན་ལག་དམག་ཁུལ་ཁང་བོད་རྒྱ་སྐད་གཉིས་སྒྲོག་འགྲེལ་ཚོགས་པས་བརྩམས་པའི་གཞས་མ་གཏམ་《ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་》ཞེས་པ་ཡུལ་དེའི་མི་རིགས་ཁག་གི་མང་ཚོགས་ཁྲོད་དར་སོ་ཆེན་པོ་བྱེད་བཞིན་ཡོད།
སྒྲོག་འགྲེལ་ལ་གྲུབ་འབྲས་དངོས་ཐོབ་ཐུབ་པ་བྱ་ཆེད། ཡན་ལག་དམག་ཁུལ་ཁང་དེས་སྐད་གཉིས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའི་སྣེ་ཁྲིད་དེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དང་། གླེང་མང་བའི་བརྗོད་བྱ། གོ་བ་ལེན་དཀའ་བའི་གནད་དོན་བཅས་ལ་དམིགས་ནས་དྲིལ་བསྒྲགས་ནང་དོན་ཇི་མ་ཇི་བཞིན་ཡོང་བ་དང་། དྲིལ་བསྒྲགས་བྱ་ཐབས་བབ་བསྟུན་ཡོང་བ། དྲིལ་བསྒྲགས་སྐད་ཆ་མང་ཚོགས་ཀྱིས་གོ་བདེ་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྟོགས་དཀའ་བའི་གནས་ལུགས་གོ་བདེ་བའི་ངང་ཤོད་པ་དང་ལྐོག་གྱུར་གྱི་དོན་སྤྱི་གཟུགས་བརྙན་ཅན་དུ་བཏང་ཡོད། མང་ཚོགས་དང་འབྲེལ་བ་དམ་ཟབ་ལྡན་པའི་དམངས་འཚོའི་གནད་དོན་ལ་དམིགས་ཏེ་ཁོང་ཚོས་སྒྲུང་གཏམ་ཐུང་ངུ་བརྒྱ་ལྷག་ཙམ་འཚོལ་བསྡུ་ལེགས་སྒྲིག་བྱས་ཏེ་མར་དང་རྩམ་པ་ནས་ཚལ་དང་མོག་མོག་བར་གྱི“ཟས་ཀྱི་འགྱུར་ལྡོག”དང་། སྦྲ་གུར་ནང་སྡོད་པ་ནས་ཁང་པ་ཐོག་བརྩེགས་ཅན་གྱི་ཁང་པར་སྡོད་པའི་བར་གྱི“སྡོད་སའི་ཐད་ཀྱི་འགྱུར་ལྡོག” ཤིང་རྟ་འཁོར་ལོ་ནས་རླངས་འཁོར་དང་སྦག་སྦག་བར་གྱི“འགྲོ་སྐྱོད་ཐད་ཀྱི་འགྱུར་ལྡོག”སོགས་ཕྱོགས་10ཡི་ཐད་ནས་མང་ཚོགས་ཚོར་མིག་མཐོང་ལག་ཟིན་ཐུབ་པ་བྱས་ཏེ་མང་ཚོགས་ཀྱི་ཏང་ལ་ཡིད་ཆེས་དང་གོང་བཀུར་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག ཡན་ལག་དམག་ཁུལ་ཁང་གི་སྐད་གཉིས་སྒྲོག་འགྲེལ་ཚོགས་པ་དེས་ད་དུང་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་དྲོ་སྐྱིད་སྦྱིན་རྒྱུ་མཐའ་འཁྱོངས་བྱས་ནས་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་ཏུ་བཏང་ཡོད། འབའ་རྫོང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་ལི་ཧུང་ཡུང་གིས“སྦྲ་གུར་སློབ་ཁང”ནང་། འབའ་ལུང་ཤང་ཝ་དཀར་ཞོལ་མ་གྲོང་ཚོའི་གྲོང་མི་སྟོབས་རྒྱལ་ཁྱིམ་དུ་མེ་ཆེན་པོ་ཤོར་ནས་ནང་མི་བཞི་པོ་སྨི་ངོས་གྲུ་3ལས་མེད་པའི་སྦྲ་གུར་ནང་སྡོད་པ་དང་འཚོ་བར་རྟེན་ས་མེད་པར་གྱུར་ཡོད་པ་དང་། རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་གྲོང་ཚོའི་གྲོང་མི་རྟ་མགྲིན་འཚོར་ལོ་ཕྱེད་གོང་ཕོ་བའི་འབྲས་སྐྲན་ཡོད་པ་བརྟག་དཔྱད་ཐུབ་པ་དང་རྫས་འགྱུར་སྨན་བཅོས་ཐེངས་གཅིག་བྱེད་པར་སྨན་རིན་སྒོར་ཁྲི་4ལྷག་ཙམ་དགོས་ཀྱི་ཡོད་པས་ཐོག་མ་ཉིད་ནས་འཚོ་བ་དབུལ་བའི་ཁོང་གི་ངོས་ནས་བརྗོད་ན་མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བ་རང་ཡིན་པ། རྐ་འབའ་སུམ་མདོ་གྲོང་རྡལ་ནགས་བཟའ་གྲོང་ཚོའི་གྲོང་མི་དགེ་སློང་སྐྱབས་ཀྱིས་རི་ལྡེབས་སུ་ལུག་འཚོ་སྐབས་རྐང་པ་གཉིས་ཀ་ཆག འོན་ཀྱང་སྨན་བཅོས་བྱེད་པའི་དངུལ་མེད་སྟབས་ཁྱིམ་དུ་ཉལ་ནས་བསྡད་ཡོད་པ་ལ་སོགས་ཤེས་རྟོགས་བྱུང་། དེས་ན། པུའུ་ཀྲང་ལི་ལགས་སེམས་སྡུག་ཆེན་པོ་བྱུང་ཞིང་། ཁོང་གིས་གནས་ཚུལ་དག་རིམ་པ་བཞིན་ཡན་ལག་དམག་ཁུལ་ཁང་དང་འབའ་རྫོང་དབུལ་སྐྱོར་གཞུང་ལས་ཁང་ལ་གོང་ཞུ་བྱས་པ་དང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ“ཏང་སྲིད་དམག་ཁེ”བཅས་ཀྱི་བསྐྱར་དུ་དབུལ་པོར་འགྱུར་བའི་རོགས་སྐྱོབ་ཐེབས་རྩ་ནས་དངུལ་སྨར་བཏོན་ཏེ་རོགས་སྐྱོབ་བྱས། དགེ་སློང་སྐྱབས་སོགས་བོད་རིགས་འབྲོག་པ་ཚོར་ཁ་ཚ་དགོས་གཏུག་གི“སྲོག་སྐྱོབ་དངུལ”རག་སྐབས“རོགས་སྐྱོབ་དངུལ་དེས་ངའི་ཁྱིམ་གྱི་དཀའ་ངལ་ཆེན་པོ་སེལ་བ་དང་འཚོ་བར་སླར་ཡང་ཡིད་ཆེས་ཀྱིས་ཁེངས་སོང་། གུང་ཁྲན་ཏང་ཡག ཀྲུའུ་ཞི་ཞི་ལགས་ཡག བཅིངས་འགྲོལ་དམག་མི་ཡག”ཅེས་སེམས་འགུལ་ཟབ་མོ་ཐེབས་པའི་ངང་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ཡན་ལག་དམག་ཁུལ་ཁང་བོད་རྒྱ་སྐད་གཉིས་སྒྲོག་འགྲེལ་ཚོགས་པས་སྔ་རྗེས་སུ་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཡིག་ཆ་11500ལྷག་ཙམ་སྤྲད་པ་དང་། སྒྲོག་འགྲེལ་འགྲེམས་པང་20ལྷག་ཙམ་བཟོས་པ། ཚན་རྩལ་འཆད་ཁྲིད་ཐེངས་7བྱས་པ། ལག་རྩལ་མི་སྣར་མི་ཐེངས་170ལྷག་ཙམ་གསོ་སྦྱོང་བྱས་པ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་བ་རེད།