འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བྱ་ཐབས་སྣ་ཚོགས་བཏོན་ནས་ཆུ་རླུང་འོད་གསུམ་འདོར་བའི་གནད་དོན་ཐག་
    གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་《ཆུ་རླུང་འོད་གསུམ་འདོར་བའི་གནད་དོན་ཐག་གཅོད་བྱེད་པའི་ལག་བསྟར་ཇུས་གཞི་》བཀྲམ་པ་དང་། ནུས་ལྡན་བྱ་ཐབས་སྤྱད་དེ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་བེད་སྤྱོད་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆུ་རླུང་འོད་གསུམ་འདོར་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བར་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པ་གསལ་པོར་བཏོན་ཡོད།
        ཇུས་གཞིའི་ནང་ནུས་རྒྱུའི་འབྲེལ་ཡོད་འཆར་འགོད་ཀྱི་ཚོད་འཛིན་བྱེད་ཤུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་སྒྲུབ་རིང་དང་ལས་དོན་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་ཤུགས་སྤྱོད་པའི་ལྟ་སྐུལ་དཔྱད་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་ཤུགས་ཐོན་སྐྱེད་ས་ཁུལ་དང་འཛད་སྤྱོད་ས་ཁུལ་བར་གྱི་མཐུན་སྦྱོར་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཡོངས་རིམ་ངོས་ནས་གློག་ཤུགས་མཁོ་སྤྲོད་དབར་དང་། གློག་ཤུགས་རིགས་ཁག་དབར། ས་ཁུལ་ཁག་དབར་བཅས་ཀྱི་སྦྲེལ་མཐུད་དོ་སྙོམས་ཡོང་བར་སྤྱི་འདོམས་ཡག་པོ་བྱེད་དགོས། གཅིག་སྡུད་རྣམ་པ་དང་ཁ་ཐོར་རྣམ་པའི་བྱ་ཐབས་མཉམ་དུ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་ཤུགས་གསར་སྤེལ་གྱི་བཀོད་པ་ལེགས་སུ་གཏོང་བ་དང་། མེ་གློག་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་ཤུགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་ཤུགས་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་མྱུར་ཚད་ལུགས་མཐུན་ངང་སྟངས་འཛིན་བྱེད་དགོས་ཞེས་བསྟན་ཡོད།
         ཇུས་གཞིའི་ནང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གསར་སྤེལ་བེད་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གློག་དྲའི་འགག་རྩའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གློག་ཁུངས་ཀྱི་གྲུབ་ཆ་དང་བཀོད་པ་ལེགས་སུ་མགྱོགས་མྱུར་བཏང་སྟེ་ཐབས་ལམ་མང་པོར་བརྟེན་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་ཤུགས་རང་ཡུལ་དུ་སྤྱོད་རྒྱ་ཆེ་རུ་གཏོང་བ་དང་ཁྲོམ་རའི་ལམ་སྲོལ་དང་སྲིད་ཇུས་མ་ལག་སོགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཆུ་རླུང་འོད་གསུམ་འདོར་བའི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱེད་དགོས་ཞེས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།