འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་225མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་85པའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཁག་བདུན་པའི་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་225ཁྱབ་བསྒྲགས་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་ས་རྒྱ་ཆེ་ཞིང་ལོ་རྒྱུས་ཡུན་རིང་ལྡན་པས་རིག་དངོས་ཕུན་སུམ་ཚོགས་པོ་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཉེ་འཁོར་ས་ཁུལ་གྱི་མི་རིགས་ཁག་དང་སྤེལ་རེས་དང་། འགྲོ་འོང་། འབྲེལ་འདྲིས་བཅས་ཟབ་པ་དང་ཕུལ་བྱུང་གི་རིག་གནས་བསྡུ་ལེན་དང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག་ཁྱད་དུ་འཕགས་ཤིང་སྣ་མང་ཕུན་སུམ་ཚོགས་པའི་ས་ཁོངས་རང་བཞིན་གྱི་མི་རིགས་རིག་གནས་བཏོད་ནས་རྗེས་རབས་པ་ཚོར་རྩ་ཆེ་བའི་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་རིག་དངོས་ཀྱི་གནའ་ཤུལ་མང་པོ་བཞག་ཡོད། ད་ཆ་བོད་འདི་ཉིད་རང་རྒྱལ་གྱི་རིག་དངོས་ཁུལ་ཆེན་གལ་ཆེན་གྲས་ཤིག་ཏུ་གྱུར་ཡོད། རིག་དངོས་གནས་ཡུལ་དེ་དག་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཏང་དང་མི་དམངས་དམག་དཔུང་གིས་བོད་ལྗོངས་འཛུགས་སྐྲུན་བཅས་བྱས་པའི་དཔང་པོ་གལ་ཆེན་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་ཁྱབ་བསྒྲགས་བྱས་པའི་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་225དེ་དག་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་ནང་ལོ་རྒྱུས་དང་། ཚན་རིག སྒྱུ་རྩལ། རིག་གནས་བཅས་ཀྱི་རིན་ཐང་ཆེ་ཙམ་ལྡན་པའི་ཤུལ་བཞག་ཡིན་ཞིང་། དེའི་ནང་གནའ་ཤུལ་ཁག་20དང་། གནའ་བོའི་བང་སོ་ཁག་14 གནའ་བོའི་སྐྲུན་དངོས་ཁག་159 བྲག་ཕུག་ལྷ་ཁང་དང་རྡོ་བརྐོས་ཁག་20ཉེ་རབས་ཀྱི་ལོ་རྒྱུས་གནའ་ཤུལ་གལ་ཆེན་དང་དཔེ་མཚོན་རང་བཞིན་གྱི་སྐྲུན་དངོས་ཁག་12 ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་རྫོང(ཆུས)62དང་འབྲེལ་བའི་གནའ་ཤུལ་བཅས་ཚུད་ཡོད། བསྐྲུན་པའི་ལོ་རབས་སྔ་ཤོས་ནི་རྡོ་ཆས་དུས་རབས་གསར་པའི་སྐབས་ཡིན་པ་དང་ལོ་རབས་ཉེ་ཤོས་སུའང་ལོ་60ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།
         མིག་སྔར་རང་སྐྱོང་ལྗོངས་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་གྲོང་ཁྱེར་དང་ས་ཁུལ་གྱི་རིག་དངོས་སྡེ་ཚན་ཁག་ལ་བརྡ་ཐོ་བཏང་ནས་གསར་དུ་ཁྱབ་བསྒྲགས་བྱས་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་ཡིག་ཚགས་བཟོ་བ་དང“ཡོད་པ་བཞིའི”འཛུགས་སྐྲུན་ལས་དོན་བཀོད་སྒྲིག་བྱས་པ་རེད།
          བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་འཛམ་གླིང་གི་རིག་གནས་ཤུལ་བཞག་ཁག་1གི་གནས་3དང་། རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་55 རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་616 རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་753བཅས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།