འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"སྒོ་ར་ཆུང་ཆུང་གི་སློབ་ཁང"དུ་དགོད་སྒྲས་ཁེངས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན་གྱི་ཕྱི་དྲོ་ཡུལ་མི་ཡའོ་ཧའེ་ཧྲན་གྱི་སྔོ་ཐིང་ཐིང་གི་སྒོ་རའི་ནང་ཅང་སུའུ་ནན་ཐུང་གྲོང་ཁྱེར་ཀང་བྲ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཝུའུ་ཤིན་གྲོང་ཚོའི“སྒོ་ར་ཆུང་ཆུང་གི་སློབ་ཁང”སློབ་འགོ་ཚུགས་པ་དང་། ད་རེས་གདན་ཞུ་བྱས་པ་ནི་གྲོང་ཁྱེར་གྱི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་པེ་ཅིང་ནས་བྱ་དགའ་བླངས་ཏེ་ཕྱིར་ལོག་མ་ཐག་པའི་རྒྱལ་ཡོངས་ཀྱི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སྔོན་ཐོན་མི་སྒེར་ཧོང་ཀྲེང་ཕིང་ཡིན་པ་རེད།
         “ད་རེས་ང‘སྒོ་ར་ཆུང་ཆུང་གི་སློབ་ཁང’ལ་ཡོང་ཐེངས་གསུམ་པ་ཡིན། གཙོ་བོ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སྒྲོག་འགྲེལ་བྱ་རྒྱུ་ཡིན”ཞེས་ཧོང་ཀྲེང་ཕིང་གིས་མི་རྒྱུས་ཡོད་ལས་རྒྱུས་ཡོད་ཀྱི་སྒོ་ནས་ཁ་རི་ཁ་ཐུག་ངང་བརྗོད་ཅིང་། ཁོང་གིས“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཚང་མས་འགག་རྩའི་མིང་ཚིག་གཉིས་ཐོག་མར་བློ་ལ་ངེས་དགོས་པ་སྟེ། གཅིག་ནི‘དུས་རབས་གསར་པ’ཞེས་པ་དེ་ཡིན་ཞིང་། དེ་ནི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རེའི་བྱ་གཞག་འདི་ཉིད་དུས་རབས་གསར་པར་སླེབས་པ་དང་། གཅིག་ཤོས་ནི‘ཞི་ཅིན་ཕིང’ཞེས་པ་དེ་ཡིན་ཞིང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རེའི་ཏང་གི་མཛུབ་ཁྲིད་དགོངས་པར་བརྩིས་ཏེ་ཏང་གི་སྒྲིག་ཡིག་ནང་འཁོད་ཡོད”ཅེས་བརྗོད་པ་རེད།
         “དུས་རབས་གསར་པར་ངོས་འཛིན་བྱེད་པར་ང་ཚོས་སྤྱིའི་བཀོད་ཇུས་གཅིག་ལ་སྟངས་འཛིན་བྱེད་དགོས་པ་སྟེ‘ཕྱོགས་ལྔ་གཞི་གཅིག’ཡིན་ཞིང་། དེ་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྣོད་བཅུད་བཅས་ཤེས་དཔལ་ཆེ་གྲས་ལྔ་ལ་མཉམ་དུ་དམ་འཛིན་བྱེད་དགོས”ཞེས་ཧོང་ཀྲེང་ཕིང་གིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱོགས་ལྔ་གཞི་གཅིག་གི་གོ་དོན་འཆད་ཁྲིད་བྱས་པ་རེད། ཁོང་གིས“སྣོད་བཅུད་ཤེས་དཔལ་ནི་སྤྱི་ཁྱབ་ཧྲུའུ་ཅིས་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ཞེས་གསུངས་པ་དང་གཅིག་མཚུངས་རེད། ང་ཚོ་ཐེན་ཧྲེང་ཀང་ཁྲོམ་གཞུང་འབྲི་ཆུ་དང་ཐག་ཉེ་པོ་ཡོད། དེའི་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱུང་ན་ང་ཚོ་དེ་གར་གཟུགས་པོ་འཁྲུད་ཆོག་ལ་ཉ་སོགས་ཀྱང་འཛིན་ཆོག ཁོར་ཡུག་སྲུང་སྐྱོང་ཡག་པོ་མ་བྱུང་བ་དང་སྦགས་བཙོག་བཟོས་ཚེ་འབྲི་ཆུའི་ཆུ་མདོག་ཀྱང་འགྱུར་སྲིད། དེར་བརྟེན་སྤྱི་ཁྱབ་ཧྲུའུ་ཅིས་འབྲི་ཆུར་ཐུན་མོང་ཐོག་དམ་འཛིན་བྱས་ནས་སྲུང་སྐྱོང་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་བྱེད་མི་རུང་ཞེས་གསུངས་མྱོང་ཡོད”ཅེས་བརྗོད།
         “ལོ་དེ་དག་རིང་རྒྱལ་ཁབ་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་དུ‘དུས་རབས་གསར་པ’ཞེས་པ་ཁ་སྣོན་བྱས་ཡོད་པས་ངས་བལྟས་ན་ཁ་སྣོན་བྱས་པ་དེ་ཡག་པོ་བྱུང་འདུག ཁྱེད་ཀྱིས་སྒྲོག་འགྲེལ་གནང་བ་ངས་ཤེས་སོང་། དུས་རབས་གསར་པར་རང་རེའི་གྲོང་གསེབ་ལ་སྲིད་ཇུས་བཟང་པོ་གང་དག་ཡོད་པ་ཡང་བསྐྱར་འཆད་ཁྲིད་བྱས་ན་འགྲིག་གམ”ཞེས་ཡའོ་ཧའེ་ཧྲན་གྱིས་རྐུབ་སྟེགས་ཐོག་ནས་ཡར་ལངས་ཏེ་དྲིས། “དུས་རབས་གསར་པར་རང་རེའི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་དབང་ཆ་མུ་མཐུད་ལོ་30འགྱུར་ལྡོག་མེད་པ་མ་ཟད། ད་དུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁ་གསལ་བཏོན་ཡོད། རང་རེ་གྲོང་གསེབ་ལ་ཀྲུང་དབྱང་གིས་སེམས་ཁུར་དང་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་གི་ཡོད”ཅེས་ཧོང་ཀྲེང་ཕིང་གིས་ལན་བཏབ།
        “ང་ཚོས་ཀུན་སྤྱོད་དཔེ་བཟང་བ་རྒན་ཝུའུ་ལགས་གདན་དྲངས་ནས་ཁོང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་པ་བརྗོད་ན་འགྲིག་གམ”ཞེས་ཧོང་ཀྲེང་ཕིང་གིས་བརྗོད་མ་ཐག་ཚང་མས་སྟར་པ་གཉིས་པར་ཡོད་པའི་རྒད་པོ་ཝུའུ་ཅིན་ཆོན་ལ་བལྟས། རྒད་པོ་ད་ལོ་ལོ་89ལ་སླེབས་པ་དང་ལོ་མང་རིང་མང་ཚོགས་ལ་འོས་འགན་ངང་ཚལ་གྲི་རྡར་རོགས་བྱས་ཡོད། དབུན་ཁྲོན་གྱི་ས་ཡོམ་དང་ཡུལ་ཤུལ་གྱི་ས་ཡོམ་ལ་ཁོང་གིས་སྣེ་ཁྲིད་ནས་ཞལ་འདེབས་བརྒྱབ་པ་དང་2016ལོའི་སེམས་འགུལ་ཐེབས་པའི་ཀྲུང་གོའི་མི་སྣར་བདམས་པ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཡང་ཐོབ། རྒད་པོས་ཡར་ལངས་ནས“ད་རེས་ཚོགས་ཆེན་བཅུ་དགུ་པ་ཡག་པོ་འཚོགས་སོང་། སྤྱི་ཁྱབ་ཧྲུའུ་ཅིས་སྙན་སྒྲོན་ཆུ་ཚོད་གསུམ་དང་ཕྱེད་ཀ་གནང་སོང་། ཁོང་གི་སྐུ་གཟུགས་ཡག་པོ་འདི་འདྲ་ཡོད་པ་མཐོང་སྐབས་དེ་ནི་ངོ་མ་རང་རེའི་རྒྱལ་ཁབ་ཀྱི་བསོད་ནམས་ཡིན། ང་འདི་ལོ་ལོ་89ཡིན། དེ་རིང་ད་དུང་ཚལ་གྲི་85རྡར་བ་ཡིན། ཏང་ལོ་ལོ་58ཡོད་པའི་ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངས་ད་དུང་མི་དམངས་ལ་མུ་མཐུད་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བཤད་པས་སྒོ་ར་ཆུང་ཆུང་དེའི་ནང་ཐལ་མོའི་རྡེབ་སྒྲས་ཁེངས།
         ཉི་མ་ནུབ་ཁར“སྒོ་ར་ཆུང་ཆུང་གི་སློབ་ཚན”གྲོལ་གྲབས་ཡོད་པ་དང་ཏང་ཡོན་ཚོས་ཧོང་ཀྲེང་ཕིང་གི་མཐའ་སྐོར་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ལེན་པའི་ཐད་སྤེལ་རེས་བྱས་ཤིང་། ཡུལ་མི་ཏན་སུང་ཆོན་ཕ་བུ་གཉིས་པོ་ཏང་ཡོན་ཡིན་པ་དང་ད་རེས་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཉན་པར་སླེབས་ཡོད་པ་རེད། ཁོང་གཉིས་པོས “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང‘ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང’ཞེས་བཏོན་པ་ཧ་ཅང་ཡག་པོ་འདུག ང་ཚོ་གུང་ཁྲན་ཏང་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་འབད་འཐབ་བྱེད་མཚམས་འཇོག་མི་རུང”ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།