འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཆོས་དབྱིངས་སྐྱིད་སོགས་མཚོ་སྔོན་གྱི་བོད་རིགས་བདམས་ཐོན་པ་4རྒྱལ་ཁབ་ཀྱི་མཆོང་རྒྱུག་
    འཕེན་གསུམ་གྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་ཚུད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ཆོས་དབྱིངས་སྐྱིད་དང་། བཀྲ་ཤིས་གཡང་འབུམ། ཀླུ་མོ་མཚོ། ཆོས་སྐྱིད་སྒྲོལ་མ་བཅས་ལུས་རྩལ་པ་4རྒྱལ་ཁབ་ཀྱི་མཆོང་རྒྱུག་འཕེན་གསུམ་(འགྲོ་རྩལ་འགྲན་བསྡུར)གྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་ཚུད་པ་རེད།
          མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་གཅིག་སྡུད་སྦྱོང་བརྡར་གྱི་དུས་མཚམས་དང་པོ་2017ལོའི་ཟླ་11གི་ཟླ་སྟོད་ནས་ཟླ་12པའི་ཟླ་མཇུག་བར་ཡིན་པ་དང་དམིགས་ཡུལ་གཙོ་བོ་ནི་2018ལོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པ་དང་ཆབས་ཅིག 2020ལོའི་ཐོ་ཁེའོ་ཡི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྨང་གཞི་བཟང་པོ་འདིང་རྒྱུ་དེ་ཡིན་པ་རེད།
         འདི་ལོའི་ཟླ་9པར་ཐེན་ཅིན་དུ་འཚོགས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲོ་རྩལ་འགྲན་བསྡུར་ནང་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་1དང་སྐར་མ་28དང་སྐར་ཆ་33གྱི་གྲུབ་འབྲས་ཐོག་ནས་རྣམ་གྲངས་དེའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་དངུལ་གྱི་རྟགས་མ་བླངས་པ་རེད།
         ཆོས་དབྱིངས་སྐྱིད་ཀྱི་རྩལ་འཁྲིད་པ་སྟེ་རྒྱལ་ཁབ་རིམ་པའི་རྩལ་འཁྲིད་པ་ཡོན་ཏེ་ཅིའུ་ཡིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་མདོ་པ་ས་མཐོའི་སྦྱོང་བརྡར་རྟེན་གཞིར་ཡུན་རིང་སྦྱོང་བརྡར་བྱས་པའི་མཚོ་སྔོན་གྱི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ནས་ཕུལ་བྱུང་གི་ལུས་རྩལ་པ་མང་པོ་ཐོན་པ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡོང་བའི་ཆོས་སྐྱིད་སྒྲོལ་མ་དང་མཚོ་ཤར་གྲོང་ཁྱེར་ནས་ཡོང་བའི་ཀླུ་མོ་མཚོ་སོགས་བདམས་ཐོན་པར་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད་ཅེས་བཤད།
         ཡོན་ཏེ་ཅིའུ་ཡིས“བོད་རིགས་ཀྱི་རུ་མི་དེ་དག་གིས་རྒྱུན་གཏན་སྦྱོང་བརྡར་བྱེད་སྐབས་དཀའ་ངལ་ཁྱད་བསད་བྱེད་ཕོད་པ་མ་ཟད། ངར་ཤུགས་ཀྱང་ཆེན་པོ་ཡོད། ད་ལྟ་རུ་ཁག་ཚང་མ་ཆོས་དབྱིངས་སྐྱིད་དང་དེ་བཞིན་(2013ལོའི)རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྨི་ཁྲི་ཡི་ཨང་དང་པོ་ཐོབ་མཁན་ཚའོ་མོ་ཅེ་སོགས་གྲགས་ཅན་ལུས་རྩལ་པའི་སྣེ་ཁྲིད་འོག་སྦྱོང་བརྡར་གྱི་ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད་པས་ད་ཐེངས་ཀྱི་རྒྱལ་ཁབ་རུ་ཁག་གི་གཅིག་སྡུད་སྦྱོང་བརྡར་ཐོག་རུ་མིར་ཉམས་མྱོང་དེ་བས་མང་བ་ཐོབ་རྒྱུར་རོགས་རམ་བྱས་ཏེ་ལུས་རྩལ་པ་མཁས་ཅན་དང་གྲོས་བསྡུར་ཞིབ་འཇུག་བརྒྱུད་ཁོང་ཚོའི་བྱང་ཚད་སྔར་བས་མཐོ་རུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།