འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རག་ཏུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་4གྲོངས་པ་དང་མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་རག་ཏུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་4གྲོངས་པ་དང་མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་ཡོད་པ།
         མི་དམངས་དྲ་བའི་འཕྲིན། དབྱི་རག་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལྟར་ན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་12ཉིན་གྱི་དགོང་མོར། དབྱི་རག་རྒྱལ་ཁབ་བྱང་རྒྱུད་ཀྱི་སུའུ་ལའེ་མན་ནི་ཡཱ་ཞིང་ཆེན་དུ་ས་ཡོམ་དྲག་པོ་བརྒྱབ་ནས་ཉུང་མཐར་ཡང་མི་4གྲོངས་པ་དང་མི་བརྒྱ་ཕྲག་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         དབྱི་རག་ཁུར་ཏེ་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ལུ་ཏའོ་གསར་འགྱུར་དྲ་བས་ས་གནས་དེ་གའི་དཔོན་པོ་ཞིག་གིས་བརྗོད་དོན་དྲངས་པ་ལྟར་ན། ཡོམ་གནས་ཉེ་འཁོར་གྱི་ཏར་པན་ཏི་ཧན་གྲོང་རྡལ་གྱི་ས་ཡོམ་ཁྲོད་དུ་མི་4གྲོངས་ཡོད་པ་དང་། གཞན་ད་དུང་གནོད་སྐྱོན་ཕོག་མཁན་མི་10ལྷག་ཙམ་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཚུལ་བཀོད་ཡོད་པ་རེད།
         དབྱི་རག་ཁུར་ཏེ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཉམས་ཉེན་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱིས་ཐེ་ཐི་ཐོག་བརྡ་འཕྲིན་སྤེལ་ཏེ་ས་ཡོམ་གྱི་གནོད་འཚེའི་ཁྲོད་མི་500ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ལ། སུའུ་ལའེ་མན་ནི་ཡཱ་ཞིང་ཆེན་གྱི་སྨན་ཁང་དུ་རྨས་སྐྱོན་ཕོག་པའི་མང་ཚོགས་མྱུར་སྐྱོབ་ཀྱི་སྨན་བཅོས་མི་སྣ་དང་། སྨན་དཔྱད་སྒྲིག་ཆས་དང་། སྨན་རིགས་སོགས་ཀྱི་དགོས་མཁོ་འདུག་ཅེས་བསྒྲགས་ཡོད་པ་རེད།
         དབྱི་རག་བྱང་རྒྱུད་ཀྱི་ཅིར་ཁུ་ཁེ་ཞིང་ཆེན་གྱི་སྨན་ཁང་ཞིག་གི་མི་སྣས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ས་གནས་དེ་གའི་མི་65ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པ་དང་། རྨས་མ་མང་ཆེ་བ་སྨན་ཁང་དུ་སྨན་བཅོས་དང་ལེན་བྱས་རྗེས་ཁ་བྲལ་བ་རེད་ཅེས་བརྗོད།
         དབྱི་རག་ཤར་རྒྱུད་ཀྱི་ཏི་ཡ་ལཱ་ཞིང་ཆེན་གྱི་དཔོན་པོས་སྨྱན་སྦྱོར་ལ་ཏི་ཡ་ལཱ་ཞིང་ཆེན་གྱི་སྨན་ཁང་ཁག་ཏུ་ད་ལྟ་ཕལ་ཆེར་རྨས་མ་140ཙམ་འབྱོར་ཡོད་ལ། མང་ཆེ་བ་ནི་རྒན་རྒོན་ཡིན་ཚུལ་བསྟན་པ་རེད།
         གཞན་དབྱི་རག་ནང་སྲིད་པུའུ་ཡི་གནས་འཕྲིན་ལྟར་ན། རྒྱལ་ས་པ་ཀ་ཏ་རུ་ཤི་རྨས་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་མེད་ལ། ས་ཡོམ་ཁྲོད་སྡོད་ཁང་ཁ་ཤས་གས་ཆག་ཤོར་ཡོད་པ་ཙམ་རེད།
         ཨ་རིའི་ས་གཤིས་འཚོལ་ཞིབ་ཅུད་ས་ཡོམ་བརྡ་འཕྲིན་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། དབྱི་རག་སུའུ་ལའེ་མན་ནི་ཡཱ་ཞིང་ཆེན་གྱི་ཧ་ལའེ་ཕུ་ཅེ་ས་ཁུལ་ལྷོ་ནུབ་ཀྱི་སྤྱི་ལེ་32མཚམས་སུ། པེ་ཅིང་དུས་ཚོད་ཚེས་13ཉིན་གྱི་ཆུ་ཚོད་2དང་སྐར་མ་18ཐོག་ས་ཡོམ་རིམ་པ་7.2བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་33.9ཡོད་པ་རེད།
    ༄༅།།དབྱི་རག་ཏུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་4གྲོངས་པ་དང་མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།