འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕི་བ་སྲེག་པ་དང་རྡོ་སོལ་སྲེག་པ་ནས་ཁམས་གཙང་དྲོད་ལེན་བར། 

    —— རང་རྒྱལ་གྱི་མཐོ་གྲང་ས་བབ་མཐོ་བའི་ཁམས་གཙང་དྲོད་རླངས་མཁོ་འདོན་དཔེ་སྟོན་རྫོང་དང་པོར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། ས་བབ་སྨི་4300ལྷག་ཙམ་ཡོད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་སྐྱོད་སྐབས། ཁ་བས་ཡོངས་སུ་བཀླུབས་ནས་ཁང་པའི་ཕྱི་རོལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་10ལ་སླེབས་འདུག
          རྨ་སྟོད་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་གི་སློབ་ཁང་དུ་དགེ་སློབ་800ལྷག་ཙམ་དྲོ་སོབ་སོབ་ངང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་འཚོག་བཞིན་འདུག གསར་འགོད་པས་མཐོང་གསལ། སློབ་ཁང་ཚང་མར་དྲོད་རླངས་ལྕགས་ལེབ་3སྒྲིག་སྦྱོར་བྱས་ཡོད་པས། ཁང་པའི་དྲོད་ཚད་ཨང་གྲངས་20ལྷག་ཙམ་ཟིན་འདུག
         དམའ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་ནོར་བཟང་ལྷ་མོས“སྔོན་ཆད་སློབ་ཁང་དུ་ཧ་ཅང་གྲང་བས་སློབ་ཚན་ཁ་ཤས་འཚོགས་རྗེས་རྐང་ལག་འཁྱག་པ་དང་ལྷག་པར་དུ་ཉལ་ཁང་དུ་མཚན་མོ་འཁྱགས་དྲགས་ནས་གཉིད་ཀྱང་ཁུག་དཀའ”ཞེས་བཤད།
         རྨ་སྟོད་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་ནི་ས་ཆ་དེ་གའི་སློབ་གཉེར་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་དགུའི་རྒྱུན་གཏན་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པ་དང་། སློབ་སྤྱི་གཞོན་པ་ཚེ་རིང་གིས་གསར་འགོད་པར་སྔོན་ཆད་སློབ་གྲྭ་དེར་རྡོ་སོལ་བསྲེགས་ནས་དྲོད་ལེན་ཐབས་བྱེད་ཀྱི་ཡོད་པས་འགྲོ་གྲོན་ཆེ་བའི་ཁར་སྦགས་བཙོག་ཀྱང་ཆེ་བ་མ་ཟད་དྲོད་གཏོང་ནུས་ཀྱང་དེ་ཙམ་ཡག་པོ་མེད་ཅེས་བཤད།
         འདི་ལོའི་ཟླ་9པར། རྒྱལ་ཁབ་གློག་དྲ་ཀུང་སིས་ཞལ་འདེབས་བརྒྱབ་ནས་བསྐྲུན་པའི་ཁམས་གཙང་དྲོད་ལེན་རྣམ་གྲངས་རྨ་སྟོད་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་དུ་བསྐྲུན་ནས་འཁོར་རྒྱུག་བྱས་པ་དེས་སློབ་གྲྭ་དེར་རྡོ་སོལ་བསྲེགས་ནས་དྲོད་ལེན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
         ཚེ་རིང་གིས་ཁམས་གཙང་དྲོད་ལེན་རྣམ་གྲངས་ལག་བསྟར་བྱས་རྗེས་སློབ་གྲྭས་རྡོ་སོལ་སྲེག་ཁང་རྙིང་ཧྲུལ་དེ་བཤིགས་ནས་བོད་བཟོའི་ཉམས་འགྱུར་ལྡན་པའི་ཕྱོགས་བསྡུས་ཁྲོ་ཐབ་ཁང་བརྒྱབ་སྟེ་ཚད་རྡུལ་ཁྲོ་ཐབ་12སྒྲིག་སྦྱོར་བྱས་པར་རྒྱ་ཁྱོན་སྨི་ངོས་གྲུ་488ཟིན་ནས་སློབ་གྲྭ་ཡོངས་ཀྱི་སློབ་ཁང་དང་དགེ་སློབ་ཡོངས་ཀྱི་ཉལ་ཁང་དུ་དྲོད་གཏོང་བའི་དགོས་མཁོ་རྦད་དེ་སྐོང་ཐུབ་ཡོད་ཅེས་བཤད་བྱུང་།
         རྨ་སྟོད་རྫོང་ནི་རང་རྒྱལ་གྱི་མཐོ་གྲང་ས་བབ་མཐོ་སར་ཁྱབ་ཁོངས་ཆེན་པོས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་བྱེད་པའི་དཔེ་སྟོན་རྫོང་དང་པོ་ཡིན་པ་དང་རྣམ་གྲངས་བསྐྲུན་ནས་འཁོར་རྒྱུག་བྱས་པ་དང་སྦྲགས། འབྲོག་པ་མང་ཚོགས་དེ་བས་མང་བས་རིང་མིན་དུ་ཁམས་གཙང་དྲོད་ལེན་གྱི་ཕན་བདེ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།
         རྨ་ཆུའི་ཆུ་འགོའི་རྫོང་དང་པོ་ཞེས་སུ་གྲགས་པའི་རྨ་སྟོད་རྫོང་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་སུ་གནས་པ་དང་དེ་ནི་རྨ་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་འཁྱོངས་ཁུལ་དང་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་4ཡིན་སྟབས། ལོ་གཅིག་ནས་ཟླ་བ་10དྲོད་མཁོ་འདོན་བྱེད་དགོས་ཀྱི་ཡོད།
          སྔོན་ཆད་དྲོད་ལེན་པར་གྲོང་ཁུལ་དུ་གཙོ་བོ་རྡོ་སོལ་སྲེག་དགོས་པ་དང་འབྲོག་ཁུལ་དུ་ལྕི་བ་སྲེག་གི་ཡོད། འདི་ལོ་ནས་བཟུང་། ས་གནས་དེ་གའི་སྲིད་གཞུང་གིས་རྫོང་ཁོངས་ཀྱི་རྡོ་སོལ་ཁྲོ་ཐབ་དག་གློག་སྤྱོད་ཁྲོ་ཐབ་ཏུ་སྒྱུར་བཀོད་བྱས་པ་དང་སྲོལ་རྒྱུན་གྱི་སྲོ་ཁྲི་དག་གློག་དྲོད་སྲོ་ཁྲིར་སྒྱུར་བཀོད་བྱེད་པ་སོགས་ཀྱི་ལས་གྲྭ་ལག་ལེན་ཧུར་ཐག་བསྟར་ཡོད། ཐག་ཉེ་ས་ནས་དྲོད་མཁོ་འདོན་བྱེད་པའི་རྩ་དོན་གཞིར་བཟུང་། རྨ་སྟོད་རྫོང་གྲོང་དུ་དྲོད་རླངས་མཁོ་འདོན་ཡུག་ཁུལ་4ལ་ཕྱེ་ནས་སྤྱིའི་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་26.87ཟིན་པ་དང་ཁྱབ་ཚད་80%ཟིན་ཡོད།
          རྨ་སྟོད་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཀྲང་ཆང་གིས་གསར་འགོད་པར་མིག་སྔར་ཡུག་ཁུལ་བཞི་པ་དེ་བསྐྲུན་ཟིན་ནས་འཁོར་རྒྱུག་བྱས་ཟིན་པ་དང་དེ་བྱིངས་ཡུག་ཁུལ་གསུམ་པོའི་འཛུགས་སྐྲུན་མྱུར་ཚད་70%ཟིན་ནས་སྔོན་དཔག་བྱས་ན་ལོ་མཇུག་ཏུ་འཁོར་རྒྱུག་བྱེད་ཐུབ་ཅེས་བཤད་བྱུང་།
          དྲོད་རླངས་མཁོ་འདོན་གྱི་མདོང་དྲ་ཁེབས་ཐབས་མེད་པའི་རྫོང་གྲོང་མཐའ་འཁོར་དུ་ས་ཆ་དེ་གས་གློག་དྲོད་སྲོ་ཁྲི་དང་འོད་ཤུགས་ཚ་དྲོད་མཁོ་འདོན་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དྲོད་རླངས་མཁོ་འདོན་ཁྱབ་གདལ་ཤུགས་ཆེན་གཏོང་བཞིན་ཡོད་པ་རེད།
          རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་ཚོའི་གྲོང་མི་སངས་རྒྱས་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། ཁོང་གིས་དེ་སྔོན་འབྲོག་ཁུལ་དུ་ཚང་མས་སྡོད་ཁང་དུ་ལྕི་བ་བསྲེགས་ནས་དྲོད་ལེན་ཐབས་བྱེད་ཀྱི་ཡོད་པ་དང་རྗེས་སུ་ཆ་རྐྱེན་ཅུང་ལེགས་པ་ཚོས་རྡོ་སོལ་བསྲེགས་ནས་དྲོད་ལེན་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ལོ་གཅིག་ལ་རྡོ་སོལ་ལ་འགྲོ་གྲོན་སྒོར་500ལྷག་ཙམ་འགྲོ་གི་འདུག་ཅེས་བཤད།
          ཁམས་གཙང་དྲོད་རླངས་ཁྱབ་གདལ་བཏང་བ་དང་སྦྲགས། སངས་རྒྱས་ཁྱིམ་དུ་ད་ཆ་གློག་དྲོད་སྲོ་ཁྲི་སྤྱོད་ཀྱི་ཡོད། “ལྕི་བ་དང་རྡོ་སོལ་བསྲེགས་ཚེ་དུ་བ་མང་ལ་རྡུལ་ཆེ་བ་དང་ད་དུང་ནམ་ཕྱེད་ལ་ཡང་ལྕི་བ་འབུད་དགོས་ཀྱི་འདུག ད་ཆ་གློག་དྲོད་སྲོ་ཁྲི་ཡོད་པས་གཙང་སྦྲ་དོད་ལ་ལས་འབོར་ཆུང་བ་དང་དྲོ་པོ་ཡོད་པའི་ཁར། ཟླ་གཅིག་ལ་དྲོད་ལེན་འགྲོ་གྲོན་སྒོར་180ལྷག་ཙམ་ལས་ཐོབ་ཀྱི་མེད”ཅེས་སངས་རྒྱས་ཀྱིས་ཁམས་གཙང་དྲོད་རླངས་མཁོ་འདོན་བྱས་པ་ནས་བཟུང་འབྲོག་ཁུལ་དུ་ལྕི་བ་བསྲེགས་ནས་དྲོད་ལེན་པའི་འཚོ་བ་སྐྱེལ་མཇུག་འགྲིལ་ཡོད་ཅེས་བཤད་བྱུང་།
         གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱས་པར། ཁམས་གཙང་དྲོད་རླངས་མཁོ་འདོན་གྱི་འདུ་འགོད་ལག་ལེན་བསྟར་བ་ནས་བཟུང་། ས་མཐོའི་འབྲོག་པའི་འཚོ་བ་སྐྱེལ་སྟངས་འགྱུར་ལྡོག་ཕྱིན་པ་མ་ཟད། ད་དུང་སྲོལ་རྒྱུན་དྲོད་ལེན་ཐབས་ཀྱིས་རི་སྟེང་གི་སྔོ་ཁེབས་དང་རྩྭ་རའི་སྣོད་བཅུད་ལ་གཏོར་བཤིག་གཏོང་བའི་སྣང་ཚུལ་ཆུང་དུ་ཕྱིན་ཏེ་ཚད་གཞི་ངེས་ཅན་ཞིག་ནས་གངས་ལྗོངས་ས་མཐོའི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་ཐུབ་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཡུག་སྦྲེལ་ཁུལ་བཞིའི་ནུས་རྒྱུ་གཙང་མའི་དྲོད་ལེན་རྣམ་གྲངས་འཁོར་རྒྱུག་བྱས་པ་ནས་བཟུང་། སྔོན་རྩིས་བྱས་ན་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.78གྱི་ཚབ་བྱེད་ཐུབ་ནས་ཐཱན་རྡུལ་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་1.89དང་། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་6.94 དབྱང་གཉིས་ལིའུ་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་0.21བཅས་ཉུང་དུ་འགྲོ་རྒྱུ་རེད།
         ཀྲང་ཆང་གིས་རྫོང་གྲོང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག་སང་ལོར་ཤང་གྲོང་གཞན་དག་གསུམ་དུ་ཁམས་གཙང་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་རེད། རྨ་སྟོད་རྫོང་དུ་ཁམས་གཙང་དྲོད་རླངས་མཁོ་འདོན་གྱི་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་རྗེས་གཙང་གསུམ་ཆུ་འགོའི་ས་ཁུལ་11གི་རྫོང་དུ་ཁྱབ་གདལ་གཏོང་རྒྱུ་ཡིན་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དེ་བས་ཨ་སྔོན་ཆུ་དྭངས་དང་ཆུ་ཕུགས་ཟབ་ལ་འབབ་ཐག་རིང་བ་ཡོང་ཐུབ་ཅེས་བཤད་བྱུང་། ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། 
      

    ཕྱོགས་བསྡུས་གསར་འགྱུར།