འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཕིང་ཕང་སྤོ་ལོ་ཁྱབ་གདལ་བཏང་བར་དོན་སྙིང་ཟབ་མོ་ལྡན་ཡོད། 

    —— རྒྱལ་སྤྱིའི་ཕིང་ཕང་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝེ་ཁེ་ཐེ་ལ་ཆེད་དོན་བཅར་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཕིང་ཕང་སྤོ་ལོ་མཐུན་ཚོགས་དང་ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་ཁག་གིས་སྤེལ་བའི་ཁྱབ་གདལ་བྱེད་སྒོ་ལས་ཕྱོགས་མང་པོའི་ཐད་ནུས་པ་ཐོན་ནས་མཐུན་ཚོགས་གཞན་དག་གིས་ཀྲུང་གོར་ཆེས་ཕུལ་བྱུང་གི་ལུས་རྩལ་པ་ཡོད་པ་མ་ཟད། མཐུན་ཚོགས་གཞན་དག་ལ་ཕུལ་བྱུང་གི་ལུས་རྩལ་པ་གསོ་སྐྱོང་བྱ་རྒྱུར་རོགས་རམ་ཡང་ཐུབ་པ་ཚོར་ཡོད”ཅེས་2017ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་བྱེད་རིང་ཟླ་5པའི་ཟླ་མཇུག་ཏུ་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བསྟུད་མར་འཁུར་བའི་འཇར་མན་བ་ཐུའོ་མ་སི·ཝེ་ཁེ་ཐེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་རེད།
         རྒྱལ་སྤྱིའི་ལུས་རྩལ་གྱི་རྣམ་གྲངས་རྐྱང་པའི་མཉམ་འབྲེལ་ལྷན་ཚོགས་ཆེ་ཤོས་(རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ལ་ཁོངས་མིའི་མཐུན་ཚོགས་226ཡོད་པ)ཀྱི་འགན་འཁུར་བ་ཡིན་པའི་ཝེ་ཁེ་ཐེས་ཀྲུང་གོའི་ཕིང་ཕང་སྤོ་ལོ་མཐུན་ཚོགས་དང་རྒྱལ་ཁབ་ཀྱི་ཕིང་ཕིང་སྤོ་ལོའི་རུ་ཁག་གིས་ཕིང་ཕང་སྤོ་ལོ་ཁྱབ་གདལ་གཏོང་རྒྱུར་ལེགས་སྐྱེས་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
        “བྱེད་སྒོ་དེ་དག་ལས་ཕྱོགས་མང་པོའི་ཐད་ནུས་པ་ཐོན་ཡོད། ‘རྒྱུད་གཅིག་ལམ་གཅིག’གི་འདུ་ཤེས་མིག་སྔར་དོན་སྙིང་ཟབ་མོ་ལྡན་པ་ར་སྤྲོད་ཐུབ་ཡོད”“ཁྱབ་གདལ་བྱེད་སྒོ་དེ་དག་སྤེལ་བ་བརྒྱུད་ཀྲུང་གོའི་ཕིང་ཕང་སྤོ་ལོའི་ལུས་རྩལ་ལའང་ཕན་པ་མང་པོ་ཐོབ་ཡོད། མཐུན་ཚོགས་གཞན་དག་གིས་ཀྲུང་གོར་ཆེས་ཕུལ་བྱུང་གི་ལུས་རྩལ་པ་ཡོད་པ་མ་ཟད། མཐུན་ཚོགས་གཞན་དག་ལ་ཕུལ་བྱུང་གི་ལུས་རྩལ་པ་གསོ་སྐྱོང་བྱ་རྒྱུར་རོགས་རམ་ཐུབ་པ་ཚོར་ཡོད། དེ་ལས་ཀྲུང་གོའི་ཕིང་ཕང་སྤོ་ལོ་མཐུན་ཚོགས་ཀྱི་གཟུགས་བརྙན་སྔར་བས་ལེགས་སུ་ཕྱིན་ཡོད”ཅེས་ཝེ་ཁེ་ཐེས་བཤད་པ་རེད།
        ཝེ་ཁེ་ཐེས“དེ་ཀྲུང་གོར་བཙན་སྐུལ་གྱིས་ཕིང་ཕང་སྤོ་ལོ་སྤྱི་ཡོངས་འཕེལ་རྒྱས་ཆེད་བྱ་སྤྱོད་སྤེལ་དུ་འཇུག་པ་ཞིག་མ་ཡིན་པར་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་ཕིང་ཕང་སྤོ་ལོ་མཐུན་ཚོགས་ཀྱི་ལྟ་ཕྱོགས་ནས་རྩལ་ཁྲིད་པ་དང་རྩ་འཛུགས་སྒྲིག་གཞི་ཡིན་ནའང་འདྲ། ཡང་ན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ཡིན་ཡང་རུང་། ཇི་ལྟར་བྱས་ཏེ་ཕིང་ཕང་སྤོ་ལོའི་རྒྱལ་ཁབ་སྟོབས་ཆེན་ཡིན་པའི་ཀྲུང་གོར་ཕིང་ཕང་སྤོ་ལོའི་ལུས་རྩལ་གྱི་དངོས་ཡོད་རིན་ཐང་གསལ་བཤད་བྱེད་དུ་འཇུག་པ་ཞིག་ཡིན། ངས་རེ་བ་ཆེན་པོ་འཆང་གི་ཡོད་ལ་ཡིད་ཆེས་ཀྱང་ཆེན་པོ་ཡོད། འོན་ཀྱང་ཀྲུང་གོ་ཁོ་ནར་དོ་སྣང་བྱས་ན་མི་འགྲིག དཔེར་ན་མེ་གླིང་བྱང་མ་དང་ལ་ཏིང་མེ་གླིང་གི་ཁྲོམ་ར་ཇི་ལྟར་བྱས་ཏེ་གསར་སྤེལ་བྱེད་པའི་ཐད་དོ་སྣང་བྱེད་དགོས”ཞེས་བཤད་པ་རེད།
         “དེ་གོང་བཅར་འདྲི་དང་ལེན་བྱེད་སྐབས་ངས་ཡང་ཡང་བཤད་པ་ལྟར། ཀྲུང་གོའི་ཕིང་ཕང་སྤོ་ལོས་གནས་བབ་ཆེན་པོ་བཟུང་ཡོད་པ་དང་གཞན་ཚོས་སྔར་བས་འབད་བརྩོན་བྱེད་དགོས”“སྐྱེས་པའི་ཐད་ད་ཆ་ཧེ་བག་ཆུང་དུ་འགྲོ་ཡི་ཡོད་པ་དང་བུད་མེད་ཐད་ད་དུང་ཧེ་བག་ཆེན་པོ་ལྡན་ཡོད”ཅེས་བཅར་འདྲི་བྱེད་རིང་ཝེ་ཁེ་ཐེས་མིག་སྔའི་འཛམ་གླིང་གི་ཕིང་ཕང་སྤོ་ལོའི་ལུས་རྩལ་གྱི་བཀོད་པར་རང་ཉིད་ཀྱི་ལྟ་སྟངས་བཤད་པ་རེད།
         རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཡིན་པའི་ཝེ་ཁེ་ཐེས་ད་ཆ་བསམ་གཞིག་བྱེད་མང་ཤོས་ནི་ཕིང་ཕང་སྤོ་ལོ་རྒྱག་མཁན་གྱི་གྲགས་ཅན་ལུས་རྩལ་པའི་ནུས་པ་བརྒྱུད་མི་རྣམས་ཀྱི་དོ་ཁུར་ཐོབ་ཐབས་བྱེད་པ་དེ་མ་ཡིན་པར་ཁྲོམ་གཞུང་གི་ཕིང་ཕང་སྤོ་ལོ(TTX)སོགས་གསར་གཏོད་རྣམ་པ་དེ་དག་ལ་བརྟེན་ནས་མི་དེ་བས་མང་བ་དང་ལྷག་པར་དུ་ན་གཞོན་ཚོགས་སྤྱི་དེའི་ཁྲོད་ཞུགས་རྒྱུའི་ཡིད་དབང་འགུག་རྒྱུ་དེ་ཡིན། ཁྲོམ་ར་གསར་སྤེལ་བྱ་རྒྱུ་དེ་ཝེ་ཁེ་ཐེ་དང་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ལ་འཕྲད་པའི་འགག་རྩའི་གནད་དོན་ཡིན་ཞིང་། ཝེ་ཁེ་ཐེས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་གཉེར་ཚོགས་པ་བཙུགས་ནས་ཁྲོམ་གཞུང་གི་ཕིང་ཕང་སྤོ་ལོའི་ཁྲོམ་ར་ཁྱབ་གདལ་གཏོང་བའི་འགན་ཁུར་རྒྱུ་ཡིན་པ་རེད།
         “ང་ཚོས་རི་པིན་གྱི་ན་གཞོན་ལུས་རྩལ་པའི་ཆུ་ཚད་མཐོ་པོ་ཡོད་པ་དོ་སྣང་བྱུང་། ཀྲུང་གོའི་རུ་ཁག་གིས་དེའི་ཐད་དོ་སྣང་བྱེད་ངེས་ཡིན་པའི་ཡིད་ཆེས་ཡོད། ངས་ཤེས་གསལ་ལ་འཇར་མན་དང་ཧྥ་རན་སེས་ཀྱང་གྲ་སྒྲིག་ཧུར་ཐག་བྱེད་བཞིན་འདུག”“ལུས་རྩལ་གྱི་རྣམ་གྲངས་རྐྱང་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་བརྗོད་ན། སུ་ལ་ཨང་དང་པོ་ཐོབ་མིན་དེ་གལ་འགངས་ཆེ་ཤོས་མིན། ངས་འཁྲུག་ཆ་དོད་པའི་འགྲན་བསྡུར་མཐོང་ཐུབ་རེ་བྱེད་ཀྱི་ཡོད། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཐོག་མཐུན་ཚོགས་ཁག་གིས་གཟེངས་བསྟོད་རྟགས་མའི་ཆེད་འཁྲུག་ཆ་དོད་པའི་འགྲན་བསྡུར་བྱ་རྒྱུ་རེད”ཅེས་ཝེ་ཁེ་ཐེས་བཤད་པ་རེད།
         “འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོའི་རུ་ཁག་ཡག་ཤོས་ཡིན་སྲིད། འོན་ཀྱང་འགྲན་སློང་ཧ་ཅང་དྲག་པོ་འཕྲད་ངེས་རེད”ཅེས་བཅར་འདྲི་མཇུག་འགྲིལ་གྲབས་ཡོད་པའི་སྐབས་ཝེ་ཁེ་ཐེས་དེ་ལྟར་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།