འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"སྔོ་འགྱུར་ངལ་རྩོལ་དཔེ་བཟང"ལི་ཀུའེ་པིན་གྱིས"ང་ནི་ནོར་ ལུག་གི་མ་བྱན་ཆེ་མོ་ཞིག་
    ཡིན"ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11པའི་ཟླ་སྟོད་ནི་ས་མཐོར་ཕྱུགས་རྩྭ་བརྔ་བསྡུ་བྱེད་པའི་དུས་ཚིགས་ཡིན་ཞིང་། ལི་ཀུའེ་པིན་དང་ལས་དོན་པ་འགའ་ཞིག་གིས་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ཤིག་བཏང་སྟེ་མུ་མཐའ་མེད་པའི་རྩ་ཐང་སྟེང་བྲེལ་བརྩོན་ཆེན་པོས་རྩྭ་བརྔ་བསྡུ་བྱེད་བཞིན་མཆིས། “ལྡིར་ལྡིར”ཞེས་པའི་སྒྲ་གྲགས་རྗེས་རྩྭ་ཐང་སྟེང་དུ་རྩྭ་ལྕོག་འགའ་ཤས་དེ་མ་ཉིད་དུ་མངོན།
         འདི་ལོ་ལོ་54ལ་སླེབས་པའི་ལི་ཀུའེ་པིན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀུའེ་ནན་རྫོང་མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡིན། ལོ་བདུན་གྱི་གོང་ཁོང་ཀུའེ་ནན་དུ་ཡོང་སྟེ་རྩྭ་འདེབས་ལས་གཏོད་བྱས་པ་དང་། རྟག་ཏུ་ས་མཐོའི་རྩྭ་ཐང་དུ་རླུང་བུ་ལྡང་བ་དང་ཉི་མས་འཚིགས་ནས་དཔྲལ་བའི་སྟེང་ལོ་ཟླའི་གཉེར་མ་ཁ་ཤས་སླེབས།
         ང་ཚོས་ཡུག་པོ་དེ་དག་འཚོ་བཅུད་ཀྱི་གྲུབ་ཆ་ཡག་ཤོས་སྐབས་སུ་ཉི་སྐམ་བཏང་ནས་འཐག་གི་ཡོད། དེ་ལྟར་བྱས་ཚེ་དགུན་དུས་ནོར་ལུག་ལ་གཟན་རྩྭ་སོས་པ་དང་འཚོ་བཅུད་འདང་ངེས་མཁོ་འདོན་བྱེད་ཐུབ”ཅེས་དང་། ཁོང་གིས་རང་ཉིད་ནི“ནོར་ལུག་གི་མ་བྱན་ཆེ་མོ་ཞིག་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད།
         ཀུའེ་ནན་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་དབྱང་ཀྲེན་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུའེ་ནན་རྫོང་ལ“ས་མཐོའི་ཕྱུགས་རྩྭའི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན་ཞིང་། ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་མཐོ་གྲང་ས་ཁུལ་གྱི་ཕྱུགས་རྩྭ་སྐྱེ་འཚར་ལ་འཚམ་པོ་ཡོད་པ་དང་། ས་གཤིས་ཆ་རྐྱེན་ཡང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱེད་རྒྱུར་འཚམ་པོ་ཡོད། ལི་ཀུའེ་པིན་གྱིས་ལས་གཏོད་མ་བྱས་གོང་ཀུའེ་ནན་རྫོང་གིས“རྩྭ་གསོ་འབྲོག་སྐྱོང་དང་། རྩྭ་བརྟེན་ཕྱུགས་གསོ”ཡི་འཕེལ་རྒྱས་བསམ་ཕྱོགས་བཏོན་ནས་རྩྭའི་ཐོན་ལས་ལ་སྐུལ་སྤེལ་ཧུར་ཐག་བཏང་ཡོད། འོན་ཀྱང་རྩྭའི་ཐོན་ལས་ལ་ཕན་འབྲས་ཐོན་འགོར་བ་དང་། དུས་འཁོར་རིང་བ། ཁེ་སྤོགས་དམའ་བ་བཅས་ཀྱི་རྐྱེན་པས་གཞི་ཁྱོན་ཆེན་པོ་ཆགས་ཐབས་བྲལ།
         ལི་ཀུའེ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དེང་རབས་རྩྭ་ལས་ཀུང་སིར་ལས་མི་30ཙམ་ཡོད་པ་དང་། དེ་དག་ཁྲོད་ཀྱི་70%ནི་ས་གནས་དེ་གའི་ཞིང་འབྲོག་པ་ཡིན་པ་རེད། “ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད། རྟེན་གཞི་བཅས་ཟུང་དུ་འབྲེལ་བའི”ཁེ་ལས་གཉེར་སྐྱོང་བྱེད་སྟངས་དེ་ལས་ཞིང་འབྲོག་པར་གཉིས་ཁེ་གཉིས་ཕན་གྱི་བརྟན་འཇགས་ཀྱི་ཐོན་ལས་འཁོར་འབྲེལ་ཞིག་ཆགས་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པ་སླར་ཡང་ལས་ཞུགས་བྱེད་པའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་པ་རེད།
        དེང་རབས་རྩྭ་ལས་ཀུང་སིས་ཞིང་ཆེན་ཕྱིའི་འབྲོག་ར་ཆེ་གྲས་དང་ཕྱུགས་རྩྭ་བྲིན་ཚོང་གི་གན་རྒྱ་འཇོག་པའི་གོ་སྐབས་དོར་ཡོད། “ང་ཚོའི་ཀུང་སིའི་ཕྱུགས་རྩྭ་ཐོན་རྫས་ཀྱི་90%ནི་ཞིང་ཆེན་ཕྱི་ལོག་དང་། ལྷག་པར་དུ་ང་ཚོ་ཀུའེ་ནན་རྫོང་གི་མཐའ་འཁོར་གྱི་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་དང་གསོ་ཚགས་དུད་ཚང་ཆེ་མོར་ཕྱོགས་ཀྱི་ཡོད”ཅེས་དེང་རབས་རྩྭ་ལས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡའོ་ལེ་མིང་གིས་བཤད།
        “མ་གཞི་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ལ་ཤུགས་རྐྱེན་ངན་པ་ཕོག་ཡོད། འོན་ཀྱང་རང་བྱུང་རྩྭ་རར་ཕྱུགས་རིགས་འཚོ་བའི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་། ས་ཆུ་ཤོར་ཚད་ཉུང་དུ་ཕྱིན་པ། རང་བྱུང་རྩྭ་ར་ཉམས་ཞན་ཆགས་པར་བཀག་འགོག་ཐུབ་ནས་གཙང་གསུམ་རྒྱུག་ཁུལ་དུ་རྩྭ་ལ་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་བྱེད་པ་དང་རྩྭ་ཕྱུགས་དོ་སྙོམས་ཡོང་བར་དངོས་པོའི་རྨང་གཞིའི་འགན་ལེན་མཁོ་འདོན་བྱས་པ་དང་། སྤང་ཐང་གི་སྣོད་བཅུད་ཁོར་ཡུག་འཁོར་རྒྱུག་བཟང་པོ་ཐུབ་རྒྱུར་སྲུང་སྐྱོང་ལ་དགེ་མཚན་ཆེན་པོ་ཐོན་ཡོད”ཅེས་དབྱང་ཀྲེན་ཧའེ་ཡིས་བཤད།
        “ལོ་བདུན་གྱི་རིང་རྩྭ་དང་བརྩེ་བ་ཟབ་མོ་ཞིག་ཆགས་པ་དང་། ཐོག་མར་རྒྱུས་མངའ་མེད་པ་ནས་རྗེས་སུ‘རྩྭ་ཆུང་ཆུང་ནས་ཐོན་ལས་ཆེན་པོའི’བྱ་གཞག་གི་བར‘གཙང་གསུམ་ཆུ་འགོའི’སྣོད་བཅུད་སྲུང་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་རྟོགས་ཟབ་མོ་བྱུང”ཞེས་ལི་ཀུའེ་པིན་གྱིས་བཤད།
        2016ལོར་ལི་ཀུའེ་པིན“རྒྱལ་ཡོངས་ཀྱི་སྔོ་འགྱུར་ངལ་རྩོལ་དཔེ་བཟང་བར”བདམས་ནའང་ཁོང་གིས་སེམས་ཆུང་ངང་དེ་ནི་ཀུའེ་ནན་རྫོང་ལ་སྤྲད་པའི་གཟི་བརྗིད་ཅིག་ཡིན་ལ། ས་གནས་དེ་གའི་སྲིད་གཞུང་གི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཁས་ལེན་བྱས་པ་ཞིག་དེ་བས་རེད་ཅེས་བཤད།
        “གཟན་རྩྭ་ལེགས་ཉེས་ཀྱིས་འབྲོག་ཟོག་གི་སྤུས་ཚད་གཏན་འཁེལ་བྱེད་པ་དང་། འབྲོག་ཟོག་གི་སྤུས་ཚད་དེ་ནི་མི་སེར་གྱི་གསོལ་ལྕོག་སྟེང་གི་བདེ་འཇགས་དང་འབྲེལ་བ་ཡོད། ང་ཚོའི་ལས་དོན་ནི‘བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལྷུ་ཚིགས་དང་པོ་དེ་རེད’”ཅེས་ལི་ཀུའེ་པིན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།