འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་
    ལག་བསྟར་བྱེད་ཐབས》པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཐབས་》(གཤམ་དུ་《བྱེད་ཐབས་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་མེ་ཟོན་བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་ཐད་ཕྱོགས་ཡོངས་དང་ཞིབ་ཕྲའི་གཏན་འབེབས་ཐོག་མར་བྱས་པ་དང་། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་སྔར་བས་ཁ་གསལ་དུ་གཏོང་བ་དང་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དམིགས་བསལ་དང་ཚབས་ཆེའི་མེ་སྐྱོན་ལས་འཛོལ་ཐོན་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་འགོག་བྱས་པ་རེད།
         《བྱེད་ཐབས་》ནང་གཏན་འབེབས་བྱས་དོན། ས་གནས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེའི་མེ་ཟོན་ལས་དོན་གྱི་འགན་འཁུར་བ་དང་། སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་འགན་འཁྲི་འཁུར་མཁན་ཨང་དང་པོ་དང་ཁག་བགོས་དོ་དམ་གྱི་འགན་འཁུར་བ་ནི་འགན་འཁྲི་འཁུར་མཁན་གཙོ་བོ་ཡིན་པ་རེད། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེའི་མེ་ཟོན་ལས་དོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་གཞན་གྱིས་ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་ཀྱི་བླང་བྱ་གཞིར་བཟུང་། རང་འཁྲིའི་ཁྱབ་ཁོངས་སུ་ཁྲིམས་དང་གཏན་འབེབས་བཞིན་རང་ལས་རིགས་དང་རང་ཁོངས་གཏོགས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་དགོས། ལས་ཁུངས་དང་ཚོགས་པ། ཁེ་ལས། བྱ་གཞག་སོགས་ཚན་པའི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་། འགན་འཁུར་བ་གཙོ་བོ། དངོས་སུ་ཚོད་འཛིན་བྱེད་མཁན་བཅས་ནི་ཚན་པ་རང་དང་ཡུལ་དེའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་བ་ཡིན་པས། ཚན་པ་རང་དང་ཡུལ་དེའི་མེ་ཟོན་བདེ་འཇགས་ཐད་ཕྱོགས་ཡོངས་ནས་འགན་འཁུར་དགོས།
         《བྱེད་ཐབས་》ནང་གཏན་འབེབས་བྱས་དོན། རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་མེ་ཟོན་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་མེ་ཟོན་ལས་དོན་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་འཇུག་རྒྱུ་དང་། རྒྱུན་རྣམ་ཅན་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལམ་སྲོལ་འཛུགས་རྒྱུ། སྤྱི་བདེ་མེ་ཟོན་རུ་ཁག་དང་སྲིད་གཞུང་གི་ཆེད་སྒྲུབ་ལས་འགན་འཁུར་མཁན་མེ་ཟོན་རུ་ཁག་ཁྲིམས་ལྟར་འཛུགས་རྒྱུ། མེ་གསོད་པ་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལས་དོན་སྒྲིག་འཛུགས་དང་སྣེ་ཁྲིད་སོགས་བྱེད་དགོས། དེ་དང་ཆབས་ཅིག་《བྱེད་ཐབས་》ནང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་། ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་། ཁྲོམ་གཞུང་དོན་གཅོད་ཁང་བཅས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཁོང་གཏོགས་འགན་འཁྲི་ཞིབ་ཕྲ་བཟོས་པ་རེད།
         《བྱེད་ཐབས་》ནང་ཁ་གསལ་བསྟན་དོན། ས་གནས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་བཞིན་འགན་འཁྲི་མི་སྒྲུབ་པ་དང་། མེ་ཟོན་བདེ་འཇགས་དང་འབྲེལ་བའི་སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་དང་། སྤྱི་པའི་མེ་ཟོན་གྱི་སྒྲིག་བཀོད་འཛུགས་སྐྲུན། ཚབས་ཆེ་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག མེ་ཟོན་སྟོབས་ཤུགས་འཕེལ་རྒྱས་གཏོང་བ་སོགས་ཐད་ལས་དོན་སྤེལ་ཤུགས་མི་འདང་བ་དང་། འགན་འཛོལ་ཤོར་རིགས་དང་། ལས་འཛོལ་བྱུང་རིགས་ལ་ཁྲིམས་དང་གཏན་འབེབས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་དང་། ཉེས་གསོག་དང་འབྲེལ་རིགས་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་ནས་ཐག་གཅོད་བྱ་རྒྱུ། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་ཐོག་ཏུ་ཡག་པོ་མི་འཁྱོལ་བར་སྤྱིར་བཏང་དང་དེ་ཡན་གྱི་མེ་སྐྱོན་ལས་འཛོལ་ཐོན་རིགས་ཁྲིམས་དང་གཏན་འབེབས་ལྟར་ཚན་པའི་ཐད་ཀའི་འགན་འཁུར་བ་དང་། ཁྲིམས་གཏན་འཁེལ་བའི་འཐུས་མི། འགན་འཁུར་མཁན་གཙོ་བོ། དངོས་སུ་ཚོད་འཛིན་བྱེད་མཁན་བཅས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་དང་། ཉེས་གསོག་དང་འབྲེལ་རིགས་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་ནས་ཐག་གཅོད་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།