འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》ཀྱི་འཇར་མན་ཡི་གེའི་འགྱུར་མ་ཆ་ཚང་གི་སྒྱུར་པ་པོ་ཧྥ་
    ལན་ཁེ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ཡོང་ནས་གླེང་མོལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》ཀྱི་འཇར་མན་ཡི་གེའི་འགྱུར་མ་ཆ་ཚང་ཐོག་མའི་སྒྱུར་པ་པོ་དང་། འཇར་མན་གྱི་རྒྱ་རིག་པ་མཁས་ཅན། ལོ་ཙཱ་བ་བཅས་ཡིན་པའི་ཨེ་ཝ·ཧྲེ་སི་ཐ་ཀེ་(རྒྱ་སྐད་ཀྱི་མིང་ལ་དབྱིན་ཧྥང་ཞ་ཟེར)ཚེས་3ཉིན་ཧྥ་ལན་ཁེ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ཡོང་ནས་སྤྱི་ཁྱབ་ཁེ་སྐྱོང་བ་ཝང་ཧྲོན་ཆིང་དང་མཉམ་དུ་གླེང་མོལ་ཐུན་མོང་མིན་པ་ཞིག་བྱས་པ་རེད།
         ཝང་ཧྲོན་ཆིང་གིས་མཁྱེན་ལྡན་མ་དབྱིན་ཧྥང་ཞས་ལོ་6རིང་ཀྲུང་གོའི་གནའ་རྩོམ་གྲགས་ཅན་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》འཇར་མན་གྱི་ཡི་གེར་བསྒྱུར་པར་རྗེས་སུ་ཡི་རང་བྱས་པ་མ་ཟད། ཀྲུང་གོ་དང་འཇར་མན་གྱི་རིག་གནས་སྤེལ་རེས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བར་གདེང་འཇོག་མཐོ་པོའང་བྱས་པ་རེད།
         དབྱིན་ཧྥང་ཞས“《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》ཀྲུང་གོར་ཚང་མས་ཤེས་གསལ་གྱི་བརྩམས་ཆོས་གྲགས་ཅན་དུ་གྱུར་དོན་ནི་མི་སྣའི་གཟུགས་བརྙན་གསོན་ཉམས་དོད་པས་ཡིན”ཞེས་བཤད།
         ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱི་མི་100ལྷག་གླེང་མོལ་འདུ་ཚོགས་སུ་ཞུགས་པའི་ཁྲོད་འཇར་མན་གྱི་རྒྱ་རིག་པ་མཁས་ཅན་མི་ཉུང་བའང་ཡོད་ཅིང་། དབྱིན་ཧྥང་ཞས་ཡུལ་དངོས་སུ་འཇར་མན་སྐད་ཀྱིས་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》ནང་གི“རྩྭ་གྲུར་བརྟེན་ནས་མདའ་མོ་གཡར་བའི”ལེའུ་གྱེར་འདོན་བྱས་པ་དང་། ཝང་ཧྲོན་ཆིང་གིས་རྒྱ་སྐད་ཀྱིས་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》ནང་གི་ཀྲུའུ་ཀོ་ལེའང་གི“ཤགས་ཀྱིས་ཕ་རོལ་གནོན་པའི”དུམ་བུ་གྱེར་འདོན་བྱས་པར་ཀུན་གྱིས་དགའ་བསུ་ཞུས་པ་རེད།
         གླེང་མོལ་མཇུག་འགྲིལ་རྗེས། ཀྲུང་གོ་དང་འཇར་མན་གྱི་ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་འཇར་མན་དུ་རྒྱ་རིག་པ་འཕེལ་རྒྱས་ཀྱི་གནས་སྟངས་དང་། འཇར་མན་དུ་ཀྲུང་གོའི་རྩོམ་རིག་གི་ཤུགས་རྐྱེན་སྐོར། ཀྲུང་གོའི་གནའ་རབས་རྩོམ་རིག་གི་དངོས་ཡོད་དོན་སྙིང་སོགས་ཀྱི་གནད་དོན་ལ་བསམ་ཚུལ་བརྗེ་རེས་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།