འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།པུར་ཀ་རི་ཡའི་སྐད་ཡིག་ཐོག་ནས་《ཐོག་ཁང་དམར་པོའི་རྨི་ལམ་》གྱི་གཏམ་རྒྱུད་གླེང་བ།

    ལིན་དབུན་ཧྲོང་། ལིའུ་ཕེ་ཆི། ཀྲང་ཆན་ཡན། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཧན་ཕེ་(གོང་གིས་པར)ཡིས་《ཐོག་ཁང་དམར་པོའི་རྨི་ལམ་》གྱེར་འདོན་བྱེད་བཞིན་འདུག གྱེར་འདོན་དེ་མགྱོགས་པོ་མེད་ཀྱང་སྒྲ་དག་ཅིང་། པུར་ཀ་རི་ཡའི་རྒྱ་རིག་པ་མཁས་ཅན་ཧན་ཕེས་《ཐོག་ཁང་དམར་པོའི་རྨི་ལམ་》བཀླག་རྒྱུར་དཀའ་ལས་དེ་ཙམ་མེད།
          ལོ་བཞི་བཅུ་ལྷག་ཙམ་ལ་སླེབས་པའི་ཧན་ཕེས་ཀྲུང་གོའི་གནའ་རབས་དང་། ཉེ་རབས། དེང་རབས་བཅས་ཀྱི་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་མང་པོ་ཡིག་སྒྱུར་གནང་མྱོང་ཡོད་པ་དཔེར་ན། 《ཐོག་ཁང་དམར་པོའི་རྨི་ལམ་》དང་《དཔའ་རྟུལ་བདུན་དང་མཛངས་མི་ལྔ་》སོགས་ཡོད། ཁོང་གི་འགྱུར་རྩོམ་ལས་ཐོག་མའི་མ་ཡིག་གི་ནང་དོན་གསལ་པོར་མཚོན་ཐུབ་ལ། རིག་གནས་ཀྱི་ཆ་འཕྲིན་ཕུན་སུམ་ཚོགས་པོ་ལྡན་སྟབས་ཡུལ་དེ་གའི་རྩོམ་རིག་ལ་དགའ་ཞེན་བྱེད་མཁན་ཚོས་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་སྔ་པུར་ཀ་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཁོང་གི་《ཐོག་ཁང་དམར་པོའི་རྨི་ལམ་》གྱི་འགྱུར་མའི་ནང་དོན་ཆེད་མངགས་སྤེལ་གཏོང་བྱས་པ་མ་ཟད། ད་དུང་གདེང་འཇོག་འདི་ལྟར་བྱས་པ་སྟེ།“འདི་ནི་ནང་དོན་ཕུན་སུམ་ཚོགས་ཤིང་ཕོན་ཆེ་བ་ནི་ལེ་ཧྥུའུ·ཐུའར་སི་ཐའེ་ཡིས་བརྩམས་པའི་《དམག་འཁྲུག་དང་ཞི་བདེའི་》ལྡབ་གཉིས་ལྷག་ཙམ་ཡོད། དེབ་འདིའི་ཤུགས་རྐྱེན་ཐེབས་ཤུགས་ནི‘ལོ་ངོ་སྟོང་གི་དེབ་གཅིག’ལྟར་རེད། བརྩམས་སྒྲུང་ནང་མི་སྣ་མང་ལ་མི་རེའི་སེམས་ཁམས་མི་འདྲ་བ་དང་། གསོན་ཉམས་ཧ་ཅང་དོད་པོ་ཡོད། བརྩམས་སྒྲུང་འདིའི་ནང་དུས་རབས་18པའི་ཀྲུང་གོའི་སྐུ་དྲག་གི་རྒྱུན་གཏན་འཚོ་བའི་རྣམ་པ་ཡོངས་སུ་ལེགས་པར་མངོན་ཡོད”
         ཧན་ཕེར་ལོ་30ཡི་གོང་རྒྱ་ཡིག་སྦྱོང་བའི་བསྐལ་བཟང་ཐོབ། སྐབས་དེ་དུས་ཁོང་ལ་ཀྲུང་གོའི་གློག་བརྙན་《ཧྲའོ་ལིན་དགོན་》ཞེས་པ་ལྟ་བའི་གོ་སྐབས་ཐོབ། དེའི་ནང་གི་ཀྲུང་གོའི་དྲག་རྩལ་དང་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱིས་རང་དབང་མེད་པར་ཀྲུང་གོའི་རིག་གནས་ལ་དད་གུས་ཆེན་པོ་བྱུང་ནས་རྒྱ་ཡིག་སྦྱོང་རྒྱུར་དབྱིངས་ཞུགས། ཁོང་གིས“རྒྱ་ཡིག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། དེའི་ནང་རིག་གནས་ཀྱི་ཆ་འཕྲིན་སྣ་མང་འདུས་ཡོད། དེའི་དབང་གིས་རང་ཉིད་རྒྱ་ཡིག་སྦྱོང་འདོད་ཀྱི་བློ་ཞིག་འཆར་བྱུང་། རྒྱ་ཡིག་གི་སྐད་གདངས་ཤེས་འདོད་ལ་པུར་ཀ་རི་ཡའི་སྐད་ཡིག་ཐོག་ནས་རྒྱ་ཡིག་ནང་འདུས་པའི་གཏམ་རྒྱུད་ཤོད་འདོད་ཀྱང་འདུག”ཅེས་བརྗོད།
         1987ལོར་ཧན་ཕེས་པུར་ཀ་རི་ཡས་དཔེ་སྐྲུན་བྱས་པའི་རྩོམ་རིག་ལོ་དེབ་《དཔེ་དེབ་ཀྱི་ཞིང་ཁམས་》ཁྲོད་ནས་《ཐོག་ཁང་དམར་པོའི་རྨི་ལམ་》ལ་རྒྱུས་མངའ་བྱུང་། དེབ་དེའི་ནང“ཀྲུང་གོ་བས་《ཐོག་ཁང་དམར་པོའི་རྨི་ལམ་》ཡང་ནས་ཡང་དུ་ལྟ་ཀློག་བྱེད་པ་མ་ཟད། སྙན་ངག་གྱེར་འདོན་བྱེད་པ་བཞིན་སྐད་གསང་མཐོན་པོས་ཀློག་གི་ཡོད”ཅེས་འཁོད་ཡོད། 1992ལོར་ཁོང་སློབ་ཆེན་ལོ་རིམ་དང་པོ་འགྲིམ་སྐབས་སོ་ཧྥེ་ཡ་སློབ་ཆེན་གྱི་རྒྱ་ཡིག་དགེ་རྒན་ཆེ་མོ་བ་ཞིག་ལ། ང་ལ་ཕུགས་འདུན་ཞིག་ཡོད། དེ་ནི་《ཐོག་ཁང་དམར་པོའི་རྨི་ལམ་》པུར་ཀ་རི་ཡའི་སྐད་ཡིག་ཏུ་བསྒྱུར་རྒྱུ་དེ་ཡིན་ཞེས་བརྗོད་མྱོང་ཡོད།
         ཕུགས་འདུན་སྔ་ས་ནས་སེམས་ནང་བཅངས་རུང་། ཧན་ཕེས་བྲེལ་བ་གང་ཡང་མེད་པར་སེམས་རྣལ་དུ་ཕབ་སྟེ་ཀྲུང་གོའི་རིག་གནས་ཀྱི་ཞིང་ས་གཤིན་པོ་ནས་ཤེས་རིག་གི་སྦྲང་རྩི་འཐུ་བཞིན་མཆིས། སློབ་ཆེན་ཐོན་རྗེས་ཁོང་གིས་ལས་ཀ་དོར་ནས་ཡེ་ཤུའི་ཆོས་ལུགས་ཀྱི་དགེ་སྒྲུབ་ཁང་ཞིག་ཏུ་བསྡད་ནས་དཔེ་ཀློག་རྩོམ་འབྲི་དང་གནའ་བོའི་པུར་ཀ་རི་ཡའི་སྐད་ཡིག་སྦྱོང་འགོ་བརྩམས། སྐབས་སྐབས་སུ་གནའ་བོའི་རྒྱ་ཡིག་པུར་ཀ་རི་ཡའི་སྐད་དུ་བསྒྱུར་གྱི་ཡོད།
         2010ལོར་ཁོང་ཀྲུང་གོར་ཡོང་ནས་དུས་ཚོད་གང་མཚམས་སོང་རྗེས་《ཐོག་ཁང་དམར་པོའི་རྨི་ལམ་》བསྒྱུར་རྒྱུའི་སེམས་ཐག་བཅད།
         ཧན་ཕེས་ཚའོ་ཞོལ་ཆིང་ཐོག་མར་སྙན་ངག་པ་ཞིག་ཡིན་པ་དང་དེ་རྗེས་བརྩམས་སྒྲུང་མཁས་ཅན་ཞིག་ཏུ་གྱུར་པ་དང་དུས་མཚུངས། མཁས་དབང་དང་སེམས་ཁམས་རིག་པ་མཁས་ཅན་གྱི་གཟིགས་རྒྱང་ལྡན་པའི་ཀྲུང་གོའི་སྤྱི་ཚོགས་ལྟ་ཞིབ་མཁན་ཞིག་ཀྱང་ཡིན་སྲིད་པའི་ངོས་འཛིན་བྱས།
         ཀྲུང་གོའི་གནའ་གཞུང་རྩོམ་རིག་གི་བརྩམས་ཆོས་རྩེ་གྲ་《ཐོག་ཁང་དམར་པོའི་རྨི་ལམ་》བསྒྱུར་དགོས་བསམ་ན། ལོ་ཙཱ་བའི་ཡོན་ཚད་ལ་རེ་བ་ཧ་ཅང་མཐོ་པོ་ཡོད། དེ་བསྒྱུར་བར་ལོ་ཙཱ་བར་སྐད་ཡིག་རིགས་གཉིས་ལ་བྱང་ཆུབ་པོ་དགོས་པ་མ་ཟད། དེབ་དེའི་ནང་འཁོད་པའི་སྣ་མང་ཤེས་བྱར་ཡང་རྒྱུས་མངའ་ཆེན་པོ་ཡོད་དགོས།
         ཧན་ཕེས་《ཐོག་ཁང་དམར་པོའི་རྨི་ལམ་》བསྒྱུར་བའི་ཐབས་མཆོག་ནི་སྔར་ཡོད་ཀྱི་རིག་གནས་ཁྱབ་ཁོངས་ལས་བྲལ་ཏེ་ཚའོ་ཞོལ་ཆིང་གིས་གསར་གཏོད་གནང་བའི་སྐད་ཡིག་ཞིང་ཁམས་སུ་བསྐྱོད་རྒྱུ་དེ་ལགས། ངས་རང་ཉིད་རྩོམ་པ་པོ་ཡིན་ཁུལ་གྱིས་རྩོམ་པ་པོའི་སེམས་ཀྱི་ཞིང་སར་འཛུལ་ཏེ་རང་ཉིད་ལ་གཏམ་རྒྱུད་ཤོད་པ་ལྟར་གྱི་འཆར་སྣང་སྐྱེ་བར་བྱས་ཐོག་དེ་རྗེས་རྩོམ་པ་པོའི་སེམས་ཀྱི་ཞིང་ས་ནས་དོན་ཏེ་རྩོམ་པ་པོས་རང་ཉིད་ལ་ཁྲིད་སྟོན་བྱེད་པ་ལྟར་པུར་ཀ་རི་ཡའི་སྐད་ཡིག་ཐོག་ནས་མི་རྣམས་ལ་གཏམ་རྒྱུད་གླེང་བ་ཡིན།
         ཡིག་སྒྱུར་བརྒྱུད་ཧན་ཕེས་ཡུལ་དུས་ལས་བརྒལ་ནས་གནའ་མི་དང་འབྲེལ་འདྲིས་བྱས་ཏེ་པུར་ཀ་རི་ཡ་དང་ཀྲུང་གོའི་དབར་ནང་སེམས་དང་འབྲེལ་བའི་འཕྲོ་འདུ་ཞིག་གཏོད་ཐུབ་པ་བྱས་པ་སྟེ“ང་དང་ཀྲུང་གོ་དང་འབྲེལ་བ་བྱེད་མཁན་དེ་ཀྲུང་གོའི་མཛེས་སྡུག་གི་རིག་གནས་དང་སེམས་ཀྱི་རིག་གནས་ལ་བཅངས་པའི་ཡིད་སྨོན་ཙམ་མིན་པར། གནའ་བོའི་པུར་ཀ་རི་ཡ་བ་དང་ཀྲུང་གོ་བའི་དབར་གྱི་བླ་སྲོག་གི་གཏིང་ནས་སྦྲེལ་བའི་འཕྲོ་འདུ་ཞིག་དེ་བས་རེད”
         མི་སྣ་ངོ་སྤྲོད།
         ཧན་ཕེ། པུར་ཀ་རི་ཡའི་གཞོན་སྐྱེས་ལོ་ཙཱ་བ། 2017ལོའི་ཟླ་8པར་སྐབས་བཅུ་གཅིག་པའི་ཀྲུང་ཧྭའི་དཔེ་དེབ་ཀྱི་ན་གཞོན་གྱི་གྲུབ་འབྲས་བྱ་དགའ་ཐོབ། 《ཐོག་ཁང་དམར་པོའི་རྨི་ལམ་》དང་《འཆི་གསོན་གྱི་ངལ་བ་》སོགས་བསྒྱུར་ནས་པར་སྐྲུན་བྱས་ཏེ་ཀྲུང་གོའི་གྲགས་རྩོམ་རིང་གྲས་པུར་ཀ་རི་ཡའི་ཡི་གེར་ཐད་ཀར་བསྒྱུར་བའི་ལམ་སྲོལ་བཏོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།