འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ས་མཐོའི་ལུས་རྩལ་ལུས་སྦྱོང་སྤྲོ་གསེང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ལུས་སྦྱོང་སྤྲོ་གསེང་ཐོན་ལས་ཀྱི་ལམ་ལུགས་འཐུས་ཚང་དང་ལས་དོན་ཚད་ལྡན་དུ་བཏང་ནས་ལུས་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་བཏང་སྟེ་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་10པར་《མཚོ་སྔོན་ཞིང་ཆེན་གྱི་ལུས་སྦྱོང་སྤྲོ་གསེང་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་བའི་བྱ་སྤྱོད་འཆར་གཞི་》དངོས་སུ་བཀྲམ་པ་དང་། དེའི་ནང་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་དང་། གངས་འཁྱག་ཐོན་ལས་སྐྱེད་སྲིང་། རི་ཁུལ་ཐང་སྟོང་ལུས་རྩལ་རྒྱ་སྟོབས་ཆེ་རུ་གཏོང་བ། ཆུ་ཐོག་རྣམ་གྲངས་གསར་སྤེལ། མཁའ་སྐྱོད་ལུས་རྩལ་ཁྱབ་གདལ། ལུས་རྩལ་གྲོང་རྡལ་ཆུང་ངུ་གཏོད་པ་སོགས་ནང་དོན་ཁག་10ཚུད་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱ་སྤྱོད་འཆར་གཞིའི་ནང་2025ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་ལུས་སྦྱོང་སྤྲོ་གསེང་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་གསལ་སྟོན་བྱས་ཤིང་། དེ་ཡང་ཆེས་གལ་འགངས་ཆེ་ཤོས་ནི“ཁུལ་གསུམ”དང“100བྱས་པ་ལྔའི”འཕེལ་རྒྱས་ཀྱི་དམིགས་ཚད་རེད། དེ་ཡང་2025ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་ཉིད“འཛམ་གླིང་རིམ་པའི་ཐང་སྟོང་ལུས་རྩལ་གྱི་གནས་མཆོག”དང“མི་རྣམས་ཀྱིས་ཡིད་སྨོན་ཆེ་ཤོས་བྱེད་པའི་ས་མཐོའི་སྣོད་བཅུད་ལུས་སྦྱོང་སྤྲོ་གསེང་དམིགས་ས”“དར་གོས་ལམ་བུའི་ལུས་རྩལ་ཡུལ་སྐོར་མཉམ་འཛོམས་ཁུལ”བཅས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་དང་། ལུས་རྩལ་རྩེར་སོན་རྣམ་གྲངས100གཙོ་གནད་ཐོག་གཏོད་པ་དང་། ཞིང་ཆེན་རིམ་པའི་ལུས་རྩལ་ཐོན་ལས་རྟེན་གཞི100སྐྱེད་སྲིང་བྱེད་པ། རླངས་འཁོར་དང་སྦག་སྦག་གི་སྒར་ས100སྐྲུན་པ། ས་མཐོའི་ལུས་རྩལ་སྤྲོ་གསེང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་100སྐྲུན་པ། མི་ཁྲི་100གངས་འཁྱག་ལུས་རྩལ་ནང་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་ནས་མཐར་སྒོར་དུང་ཕྱུར་བརྒྱའི་ལུས་སྦྱོང་སྤྲོ་གསེང་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་ཆགས་པར་བྱེད་རྒྱུ་ཡིན་པ་རེད།
          གཞན་ཡང་། འཆར་གཞི་དེར་ད་དུང་རྣམ་གྲངས་དེའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་ཚད་བཅད་ཀྱི་དམིགས་ཚད་བཏོན་ཡོད་པ་སྟེ། དཔེར་ན། ལུས་རྩལ་ཡུལ་སྐོར་ཐད་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་ལུས་རྩལ་ཡུལ་སྐོར་དམིགས་ས་20དང་། ཞིང་ཆེན་རིམ་པའི་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་20 རྒྱལ་ཁབ་རིམ་པའི་ལུས་རྩལ་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི་20 བཅས་བསྐྲུན་རྒྱུ་དང་། ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་འགྲན་བསྡུར་བྱེད་སྒོ་ཁག་10འདོན་རྒྱུ། ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག་ཁག་10གཏོད་རྒྱུ། སྐད་གྲགས་དང་ཁྲོམ་རའི་འགྲན་རྩོལ་ནུས་པ་ཅུང་ཆེ་བའི་ལུས་རྩལ་ཡུལ་སྐོར་ཁེ་ལས་དང་སྤུས་རྟགས་གྲགས་ཅན་5སྐྱེད་སྲིང་བྱེད་རྒྱུ་ཡིན་པ་རེད།
         མཚོ་སྔོན་མི་རིགས་སློབ་ཆེན་ལུས་རྩལ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཧྲེན་ཡན་ཁྲང་གིས“འཆར་གཞི་དེས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ལ་ལུས་རྩལ་དང་ཡུལ་སྐོར་སོགས་ལས་རིགས་གཞན་དག་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྐུལ་ཁྲིད་ཐུབ་ནས‘དམངས་ཡོངས་ལུས་སྦྱོང་དང་། བདེ་ཐང་གི་མཚོ་སྔོན’གྱི་བྱ་ཐབས་དོན་འཁྱོལ་གང་ལེགས་ཐུབ་རྒྱུ་རེད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།