འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་ཀྱི་མཐོ་རིམ་དངུལ་རྩའི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞི་མཚོ་སྔོན་དུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧྲང་ཧའེ་མཐོ་རིམ་དངུལ་རྩ་སློབ་གླིང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཟི་ལིང་དུ“ཧྲང་ཧའེ་མཐོ་རིམ་དངུལ་རྩ་སློབ་གླིང——མཚོ་སྔོན་མི་རིགས་སློབ་ཆེན་ནུབ་རྒྱུད་མཐོ་རིམ་དངུལ་རྩའི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞིའི”མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། རྟེན་གཞི་དེ་ནི་ཧྲང་ཧའེ་མཐོ་རིམ་དངུལ་རྩ་སློབ་གླིང་གིས་ནུབ་རྒྱུད་ས་ཁུལ་དུ་བཙུགས་པའི་རྟེན་གཞི་ཨང་དང་པོ་ཡིན་པ་དང་། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་མཚོ་སྔོན་མཐོ་རིམ་དངུལ་རྩའི་ཤེས་ལྡན་པ་དཀོན་པའི“ཞན་ཆ”གསབ་རྒྱུར་དམིགས་ཏེ་ལག་ལེན་བསྟར་བའི“འབྱུང་རྩའི་ལས་གྲྭ”ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དངུལ་རྩའི་ཤེས་ལྡན་པ་གསོ་སྐྱོང་ཐད་ཀྱི་ཧྲང་ཧའེ་མཐོ་རིམ་དངུལ་རྩ་སློབ་གླིང་གི་ཕྱོགས་བསྡུས་ལེགས་ཆར་བརྟེན་ནས་དངུལ་རྩའི་ཤེས་ལྡན་པ་གསོ་སྦྱོང་ལ་ཤུགས་སྣོན་དང་། མཚོ་སྔོན་གྱི་ཤེས་ལྡན་པ་འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད། མཚོ་སྔོན་དངུལ་རྩའི་ལས་རིགས་ཀྱིས“ཏན་ཏིག་བཞི”ལག་བསྟར་དང“འགྱུར་ལྡོག་བཞི”མངོན་དུ་འགྱུར་རིང་འཕེལ་རྒྱས་གསར་པ་ཡོང་བ་དང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད་དངུལ་རྩའི་ཤེས་ལྡན་པའི་འདེགས་སྐྱོར་བྱ་རྒྱུ་བཅས་རེད།
          གྲོས་མཐུན་གཞིར་བཟུང་། ཧྲང་ཧའེ་མཐོ་རིམ་དངུལ་རྩ་སློབ་གླིང་གིས་གསོ་སྦྱོང་རྣམ་གྲངས་ཀྱི་ནང་དོན་དང་སློབ་ཁྲིད་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་དོ་དམ་མི་སྣ་དང་སྒྲིག་འཛུགས་དགེ་རྒན་མངགས་གཏོང་དང་། ལོ་ལྟར་མཚོ་སྔོན་དུ་གྲངས་ཚད་ངེས་ཅན་གྱི་སློབ་ཁྲིད་དང་གསོ་སྦྱོང་རྣམ་གྲངས་བཀོད་སྒྲིག་བྱས་ཏེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཆེད་ལས་དགེ་རྒན་གྱི་ཞིབ་འཇུག་ཟབ་སྦྱོང་དང་རིག་གཞུང་སྤེལ་རེས་ལ་རོགས་རམ་དང་སྟབས་བདེ་བསྐྲུན་རྒྱུ་དང་། རིག་གཞུང་ཞིབ་འཇུག་གི་ནུས་པ་ཆེ་རུ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རོགས་ཧུར་ཐག་བྱ་རྒྱུ་རེད། དེ་དང་ཆབས་ཅིག ཕྱོགས་གཉིས་པོས་མཉམ་ལས་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་དང་། རྣམ་གྲངས་རེ་ཞུ། ཆུ་ཚད་མཐོ་བའི་རིག་གཞུང་སྤེལ་རེས་བཅས་ཀྱི་ལས་སྟེགས་བསྐྲུན་ཏེ་མཉམ་ལས་བརྒྱུད་རིག་གཞུང་ཚོགས་འདུ་གྲ་སྒྲིག་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མཉམ་ལས་གྲུབ་འབྲས་རྒྱུན་ཆད་མེད་པར་ཆེ་རུ་དང་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།