འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རི་འཛེག་ལ་དགའ་བའི་མིས་ནོར་སྟོད་ལ་རྩེར་འཛེགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རི་འཛེག་ལ་དགའ་བའི་མིས་ནོར་སྟོད་ལ་རྩེར་འཛེགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་ནི་ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་སྐབས་བཅོ་ལྔ་པའི་ཉིན་གསུམ་པ་ཡིན་ཞིང་། དེ་ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་རི་འཛེག་ལ་དགའ་བའི་མི་དང་རི་འཛེགས་རོགས་རམ་མི་སྣ་ཚུད་པའི་མི་26ས་བབ་སྨི་6010ཟིན་པའི་ནོར་སྟོད་ལ་རྩེར་གྲུབ་འབྲས་ཐོབ་པའི་ངང་འཛེགས་པ་དང་དེ་རྗེས་བདེ་བླག་ངང་བབས་ཡོད་པ་རེད།
         ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་4པར་ནོར་སྟོད་རི་བོའི་རི་འཛེག་མྱུལ་དཔྱད་རུ་ཁག་གིས་ས་བབ་སྨི་4300ཟིན་པའི་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞི་ནས་ཐོན་ཏེ་ཐོ་རེངས་ཆུ་ཚོད་6པ་ཙམ་ལ་ས་བབ་སྨི་5400ཟིན་པའི་ནོར་སྟོད་རི་བོའི་གངས་རྒྱུད་དུ་སླེབས་པ་དང་འབྲེལ་རིར་འཛེགས་འགོ་ཚུགས། ཆུ་ཚོད་3ཙམ་འབད་བརྩོན་བྱས་པ་བརྒྱུད་རུ་ཁག་དེའི་ཁོངས་མི་26ཚང་མ་གྲུབ་འབྲས་ཐོབ་པའི་ངང་རི་རྩེར་འཛེགས་ཐུབ་པ་བྱུང་ཡོད།
        རི་འཛེག་ནང་ཞུགས་མཁན་གྲས་སུ་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་(ཝུའུ་ཧན)ཞིབ་འཇུག་སློབ་མ་6ཡོད་ཅིང་། སློབ་མ་ཐའོ་ལི་མིང་གིས“ང་རང་གངས་རིར་འཛེགས་ཐེངས་དང་པོ་ཡིན། རི་རྩེར་སླེབས་སྐབས་ཉི་གཞོན་གངས་རིར་འཕྲོ་བ་མཐོང་སྐབས་སེམས་ནང་ཧ་ཅང་དགའ་པོ་བྱུང”ཞེས་བཤད། ཁོང་གིས་གསར་འགོད་པར་སྒྲིག་འཛུགས་ཨུ་ལྷན་གྱིས་རུ་མི་རེར་རི་མཐོའི་རོགས་རམ་མི་སྣ་རེ་བཀོད་སྒྲིག་བྱས་པ་དང་། ཁོང་ཚོས་ང་ཚོ་རིར་འཛེགས་པའི་བརྒྱུད་རིམ་ནང་དཀའ་ངལ་མཐའ་དག་ཁྱད་བསད་བྱེད་རོགས་བྱས་བྱུང་ཞེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རི་འཛེག་ལ་དགའ་བ་ཚོར་རོགས་རམ་བྱེད་མཁན་ནི་བོད་ལྗོངས་རི་འཛེག་རུ་ཁག་གམ་ཡང་ན་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སི་ནས་ཡིན་པ་དང་། བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིས་ལོ་ལྟར་གངས་རིར་འཛེག་མཁན་ལ་ལམ་སྣེ་ཁྲིད་པ་དང་རྒྱབ་ཕྱོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། རུ་སྣེ་ཁྲིད་མཁན་གྱི་རུ་དཔོན་ནི་བོད་ལྗོངས་རི་འཛེག་རུ་ཁག་གི་རུ་དཔོན་གཞོན་པ་ངག་དབང་བཀྲ་ཤིས་ཡིན་པ་དང་། ཁོང་ནི་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་མཁན་ཞིག་ཡིན། དེ་སྔ་ཇོ་མོ་གླང་མར་ཐེངས་མང་འཛེགས་མྱོང་ཡོད་པ་མ་ཟད་ད་དུང་ཧྥ་རན་སེར་རྒྱལ་སྤྱིའི་རི་མཐོའི་སྣེ་ཤན་པའི་གསོ་སྐྱོང་ལ་ཡང་ཞུགས་མྱོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།