འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷ་མཚོ་ཡིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་
    རྗེས་སུ་འབྲང་དགོས་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷ་མཚོ་ཡིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་
རྗེས་སུ་འབྲང་དགོས་ཞེས་བརྗོད་པ།
          མི་དངམས་དྲ་བའི་འཕྲིན། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་པ་ཕུད། ལྷ་མཚོར་ད་དུང་ཐོབ་ཐང་སྣ་ཚོགས་ཡོད་པ་དེ་དག་ནི་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”དང་། འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་སྐར་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྐར་ཐང་གྲོང་ཚོའི་ཨན་ཤིན་ཁ་ལོ་བའི་སློབ་གྲྭའི་སློབ་སྤྱི། སྐལ་བཟང་མེ་ཏོག་མི་རིགས་གོས་རྒྱན་ལས་སྣོན་ཕྱིར་ཚོང་འགན་འཁྲི་ཚད་ཡོད་ཀུང་སིའི་ཁྲིམས་མི་སོགས་ཡིན།
         ཟླ་11ཚེས་1ཉིན་ལྷ་མཚོ་པེ་ཅིང་ནས་ལོག་ཡོང་བ་གོ་ཐོས་བྱུང་རྗེས། འཇོ་མདའ་རྫོང་གི་མང་ཚོགས་བརྒྱ་ལྷག་ཙམ་གྱིས་སྔ་ས་ནས་རྫོང་སྲིད་གཞུང་གི་སྒོ་རའི་ནང་ཁོང་ཕེབས་སྒུག་ཞུས་ནས་བསྡད།
        “ཧྲུའུ་ཅི་ཁྱེད་རང་གཞི་ནས་ལོག་ཕེབས་སོང” “པེ་ཅིང་མཛེས་པོ་འདུག་གམ” “ཚོགས་ཆེན་བཅུ་དགུ་པའི་ཐོག་དམངས་ཕན་སྲིད་ཇུས་གསར་པ་གང་བཏོན་སོང”ཞེས་རླངས་འཁོར་ནས་བབ་མ་ཐག་མང་ཚོགས་ཚང་མས་ལྷ་མཚོར་བསྐོར་ནས་ཚང་ཁ་ཤིག་ཤིག་ངང་ཁོང་ལ་དཀར་གཙང་མཇལ་དར་སྒྲོན་བཞིན་དྲི་བ་མང་དག་བཏོན།
         ལྷ་མཚོས་སྤྲོ་སྣང་ཆེན་པོས་མང་ཚོགས་ཚོར་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་མཐོང་ཐོས་དང་དེ་བཞིན་རང་ཉིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ངོས་འཛིན་བྱ་ལུགས་དང་མྱོང་བ་སོགས་བརྗོད།
        “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང‘དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཚད་ཡིན་པས་ངེས་པར་དུ་དམངས་འཚོར་ཕན་པ་མང་ཙམ་བསྐྲུན་པ་དང་དམངས་འཚོའི་དཀའ་གནད་མང་ཙམ་སེལ་དགོས་པ་ལ་སོགས’བསྟན་ཡོད། སྐད་ཆ་དེ་ངའི་སེམས་ལ་ཟུག་པོ་བྱུང་། ལོ་དེ་དག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་ཡོད་པའི་དབང་གིས། ང་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད”ཅེས་ལྷ་མཚོས་གསུངས།
        ཟླ་11ཚེས་2ཉིན་གྱི་སྔ་དྲོ། ལྷ་མཚོས་གྲོང་ལྷན་དུ་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱས་ཤིང་། ཁོང་གིས་སྐར་ཐང་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚང་མར་སྨན་བཅོས་དང་། སློབ་གསོ། རྒན་གསོ་འགན་བཅོལ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་དེ་བཞིན་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཐུན་མོང་ཐོག་འཕེལ་རྒྱས་དང་ཕྱུག་འགྱུར་སོགས་ཀྱི་ཐད་གྲོང་མི་ཚོར་གང་འདྲ་བྱེད་དགོས་ལུགས་བརྗོད་པ་མ་ཟད། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སོགས་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་ཡག་པོ་འདོན་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་ཀྱང་བྱས་པ་རེད།
        “ངས་གང་ཐུབ་ཅི་ཐུབ་ཀྱིས་ཏང་གི་དམངས་ཕན་སྲིད་ཇུས་མཐའ་འཁོར་གྱི་མང་ཚོགས་མི་རེ་ངོ་རེར་བརྒྱུད་བསྒྲགས་བྱས་ནས་ཁོང་ཚོས་ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་མིན་ཤེས་པ་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་ལྷ་མཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།