འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ས་བབ་མཐོ་བའི་འབྲོག་ཁུལ་དུ"ཡུལ་ལུག་དང་འབྲི་གཡག་ལ་གངས་བབས་གནམ་
    གཤིས་སྟོན་གྲངས་ཀྱི་འགན་བཅོལ"གསར་གཏོད་དང་ལག་ལེན་བསྟར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་འགན་བཅོལ་ལམ་ལུགས་གསར་གཏོད་བྱས་ཏེ་འདི་ལོའི་ཟླ་10པའི་ཟླ་མཇུག་ཏུ་ས་བབ་མཐོ་བའི་འབྲོག་ཁུལ་མང་ཚོགས་ཀྱི་འབྲི་གཡག་དང་ལུག་ཁྲི་4ཙམ་ལ“ཡུལ་ལུག་དང་འབྲི་གཡག་གི་གངས་བབས་གནམ་གཤིས་སྟོན་གྲངས་ཀྱི་འགན་བཅོལ”བཟོས་ནས་འབྲོག་ལས་ཐོན་སྐྱེད་དགུན་སྒྲོལ་ལ་སེམས་ཁྲལ་མེད་པ་བྱས་པ་རེད།
          ཡུལ་ལུག་དང་འབྲི་གཡག་གི་གངས་བབས་གནམ་གཤིས་སྟོན་གྲངས་ཀྱི་འགན་བཅོལ་ནི་འགན་བཅོལ་གྱི་དུས་ཚོད་ནང་གངས་བབས་ཚད་འགན་བཅོལ་གྱི་ཚད་གཞི་ལས་ཆུང་བ་གཞི་འཛིན་སར་བྱས་ཏེ་གསབ་འཇུག་བྱེད་པ་དང་གངས་བབས་ཚད་འགན་བཅོལ་དུ་ཁ་ཆད་བྱས་པའི་གངས་བབས་ཚད་ལས་ཆེ་བ་ཡོད་ཚེ་འགན་བཅོལ་ཀུང་སིས་གསབ་འཇུག་བྱ་རྒྱུ་རེད། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དཔེར་མཚོན་ན་གནམ་གཤིས་ཀྱི་བསྡོམས་རྩིས་གཞིར་བཟུང་མགོ་ལོག་ཀྲོའུ་རུ་ལོ་50ཡི་ནང་ཆ་སྙོམས་གངས་བབས་ཚད་ཧའོ་སྨི་57ཟིན་གྱི་ཡོད་པ་དང་འགན་བཅོལ་ནང་ཁ་ཆད་བྱས་པ་དེ་ཧའོ་སྨི་35ཡིན་པས་འགན་བཅོལ་གྱི་དུས་ཚོད་ནང་གངས་བབས་ཚད་ཧའོ་སྨི་35ལས་ཆེ་བ་ཡོད་ཚེ་འགན་བཅོལ་ཀུང་སིས་གསབ་འཇུག་བྱ་རྒྱུ་རེད།
         “མཚོ་སྔོན་གྱི་འབྲོག་ཁུལ་དུ་ས་རྒྱ་ཆེ་ལ་མི་ཉུང་བ་དང་ས་བབ་མཐོ་ལ་གྲང་ངར་ཆེ་བས་དེ་སྔ་ལག་བསྟར་བྱས་པའི་ཞིང་ལས་འགན་བཅོལ་གཞན་དག་རྩད་གཅོད་ཐིག་ལེན་དང་གྱོང་གུན་གཏན་འཁེལ་བྱེད་པའི་ཐད་དུས་ཚོད་རིང་བ་དང་དཀའ་ཚེགས་ཆེ་བ་སོགས་ཀྱི་གནད་དོན་ལྡན་ཡོད། གནམ་གཤིས་སྟོན་གྲངས་འགན་བཅོལ་ནི་གནམ་གཤིས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གཞིར་བཟུང་གསབ་འཇུག་བྱེད་ཆོག་པས་དུས་ཚོད་མགྱོགས་ལ་ཕན་པ་ཆེ་བ་ཡོད་པས་གནོད་འཚེ་ཐོན་ཚེ་འབྲོག་དུད་ལ་གྱོང་གུན་ཕོག་ཡོད་མེད་ལ་མི་བལྟོས་པར་དཔལ་འབྱོར་སྐྱིན་ཚབ་རག་གི་ཡོད”ཅེས་འགན་བཅོལ་ལག་བསྟར་བྱེད་མཁན་ཀྲུང་གོ་ཐའེ་ཕིང་དབྱང་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཀྲེ་ལིན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།