འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཚུའེ་ཐེན་ཁའེ་ཡིས་དུས་རབས་གསར་པར་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་གོ་སྐབས་
    དམ་འཛིན་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་
    མཉམ་དུ་གཏོད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྔར་བྱུང་མྱོང་མེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཨ་རིས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ཏེ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་མཉམ་དུ་བཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་གསུངས་པ་རེད།
          ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་སླར་ཡང་ཞལ་འཛོམས་གནང་ནས་ཀྲུང་ཨའི་འབྲེལ་བའི་ཕུགས་ཀྱི་འཕེལ་རྒྱས་ཆེད་ཁ་ཕྱོགས་གསལ་སྟོན་གནང་རྒྱུ་དང་ཇུས་གཞི་ཆེན་པོ་འགོད་རྒྱུའི་ཡིད་ཆེས་ཡོད། ཐེ་རོན་ཕུ་ནི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་གྱི་གཙོ་བདག་ཐོག་མ་དེ་ཡིན་པ་དང་། དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་དུས་སྐབས་སུ་འཚམས་འདྲི་གནང་བ་ཞིག་རེད་ཅེས་ཚུའེ་ཐེན་ཁའེ་ཡིས་གསུངས།
         ཁོང་གིས་ངོས་འཛིན་གནང་དོན། ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་ཆེན་པོ་བཀོད་པ་མ་ཟད། ཀྲུང་གོས་ཨ་རི་དང་དེ་བཞིན་འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དག་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སྔར་བྱུང་་མྱོང་མེད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཤིག་མཁོ་འདོན་བྱས་ཡོད། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་འདྲེས་དང་གཅིག་ལ་གཅིག་བརྟེན་ངང་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བའི་རྒྱུ་རྐྱེན་འོག་ཀྲུང་གོ་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་པ་དེས་འགྲན་སློང་མང་དག་ཅིག་འཕྲད་རྒྱུ་ཡིན་པའི་འཛམ་གླིང་ལ་བརྟན་ལྷིང་གི་རྒྱུ་རྐྱེན་མཁོ་འདོན་བྱ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་གཅོག་རྒྱུར་ཡིད་ཆེས་དང་སྟོབས་ཤུགས་བསྣན་རྒྱུ་ཡིན་པ་རེད།
         ཚུའེ་ཐེན་ཁའེ་ཡིས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རྒྱུན་སྲིང་ལྷོད་མེད་ངང་བསྐྱོད་རྒྱུའི་བསྐྱར་བསྒྲགས་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ་དང་རྒྱལ་ཁབ་ཁག་དབར་གྱི་ཁེ་ཕན་མཉམ་འདྲེས་བྱེད་ས་རྒྱ་ཆེར་བཏང་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ལུགས་བཏོན་ཡོད། དེས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཕར་ཕྱོགས་ཀྱི་འཐབ་ཇུས་ཀྱི་འདོད་བློར་བརྡར་ཤ་ཡང་དག་གཅོད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་གཏོད་རྒྱུ་ཡིན་ཞེས་གསུངས།
         ཚུའེ་ཐེན་ཁའེ་ཡིས་འཛམ་གླིང་ཧ་ཅང་ཆེན་པོ་ཡོད་པས་གནད་དོན་ཡང་ཧ་ཅང་མང་པོ་ཞིག་འཕྲད་ཀྱི་ཡོད། ལོ་རྒྱུས་ཀྱི་གོ་སྐབས་གསར་པའི་མདུན་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ངེས་པར་དུ་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་དམིགས་པ། སྲོལ་རྒྱུན་གྱི་རྒྱལ་ཁབ་ཆེན་པོའི་དབར་གྱི་གཅིག་རྒྱལ་གཅིག་ཕམ་ཀྱི་འགྲན་རྩོད་བྱེད་སྟངས་ལས་བརྒལ་བ། གདོང་ཐུག་དང་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། མཉམ་ལས་གཉིས་ཕན་བཅས་ཀྱི་འབྲེལ་བ་གསར་པ་ཞིག་བཙུགས་ནས་རྒྱལ་ཁབ་དབར་གྱི་འགྲོ་འོང་ཆེད་ལམ་བུ་གསར་པ་ཞིག་གཏོད་དགོས་ཞེས་གསུངས།
         ཚུའེ་ཐེན་ཁའེ་ཡིས་འདས་ཟིན་པའི་ལོ་ཤས་རིང་། ཕྱོགས་གཉིས་པོས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱས་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཁྲའོ་ཞན་གྱི་ཉིང་རྡུལ་དང་། དབྱི་རན་གྱི་ཉིང་རྡུལ། ཨ་ཧྥུ་ཀ་ནི་སི་ཐན། སུའུ་ཏན་ལྷོ་མ། དབུས་ཤར་ས་ཁུལ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་དང་། དེ་བཞིན་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་དམིགས་ནས་འབྲེལ་གཏུག་དང་མཉམ་ལས་གཏིང་ཟབ་བྱེད་དགོས་ཞེས་གསུངས།
         ཚུའེ་ཐེན་ཁའེ་ཡིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་འཁུར་དགོས་ངེས་ཀྱི་འགན་འཁྲི་ཁུར་རྒྱུ་དང་འདོན་དགོས་ངེས་ཀྱི་ནུས་པ་དོན་རྒྱུར་འཛམ་གླིང་གིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་པོར་ཕན་པ་ཐོབ་སྲིད་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱེད་ཐུབ། གལ་སྲིད་ཕྱོགས་གཉིས་པོས་ཡང་དག་པའི་ལོ་རྒྱུས་ཀྱི་གདམ་ག་བྱས་ནས་མཉམ་དུ་འབད་བརྩོན་བྱས་ན། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་ཐུབ་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ནུས་པ་ཕྲན་བུ་འདོན་ཐུབ་རྒྱུ་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།