འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་པོ་བྱུང་ཚེ་ཚང་མར་ཕན་པ་ཡོད།

    ——ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱིས་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་ལེགས་གྲུབ་ཡོང་བའི་རེ་སྒུག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཚེས་8ཉིན་ནས་10ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། ཉིན་ཤས་བསྟུད་མར་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་ཐེངས་ཐེ་རོན་ཕུ་ཀྲུང་གོར་འཚམས་འདྲིར་ཕེབས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐུབ་སྟེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། གང་ལགས་ཤེ་ན། “ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་པོ་བྱུང་ཚེ་ཚང་མར་ཕན་པ་ཡོད”ཅེས་བཤད།
          དབྱི་ལི་ནུའོ་དབྱི་ཀྲོའུ་ཀྲེ་ཅ་ཀོ་གྲོང་ཁྱེར་གྱི་སྨི་ཤིས་ཀེན་ཁྲོམ་གཞུང་དུ་ཀྲེ་ཅ་ཀོ་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་སྨི་ཤིའར་གྱིས་ཀྲུང་གོ་དང་ཨ་རི་གཉིས་ཀ་འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཙམ་མ་ཟད། འཛམ་གླིང་ངོས་ནས་བརྗོད་ནའང་བྱ་བཟང་ཞིག་རེད། “ལྷག་བསམ་ཟོལ་མེད་ཀྱི་བཀའ་མོལ་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བཟང་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། ཙུང་ཐུང་ཐེ་རོན་ཕུ་ནི་མི་ཁ་རི་ཁ་ཐུག་ཅིག་ཡིན་པས། ཁོང་དང་ཀྲུང་གོའི་འགོ་ཁྲིད་མི་སྣའི་དབར་ལྷག་བསམ་ཟོལ་མེད་ཀྱི་བཀའ་མོལ་གནང་ཐུབ་རྒྱུའི་ཡིད་ཆེས་ཡོད། ད་ཐེངས་ཀྱི་མཚམས་འདྲི་ལེགས་གྲུབ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་གསར་འགོད་པར་བརྗོད་བྱུང་།
         ཅ་ལི་ཧྥུ་ཉི་ཡ་སློབ་ཆེན་པོ་ཁེ་ལི་ཡན་ལག་སློབ་གྲྭར་ཉེར་སྤྱོད་ཚན་རིག་དང་ལག་རྩལ་ཆེད་ལས་ཀྱི་འབུམ་རམས་པ་འགྲིམ་བཞིན་པའི་ལི་ཆོན་ཝེ་ཡིས་ཐེ་རོན་ཕུས་ཀྲུང་གོར་འཚམས་འདྲི་གནང་རྒྱུར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད། གང་ལགས་ཤེ་ན། དེང་གི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་མ་ཟད། འཛམ་གླིང་ཞི་བདེ་དང་། འཕེལ་རྒྱས། གོང་འཕེལ་བཅས་དང་འབྲེལ་བ་ཡང་ཡོད་པས་ཡིན། རྒྱལ་ཁབ་གཉིས་ཀ་རླབས་ཆེན་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཟོལ་མེད་དང་མཛའ་མཐུན་གྱི་འགྲོ་འོང་དང་སྤེལ་རེས་གནང་བ་ནི་ཕན་ཚུན་ཤེས་རྟོགས་ཐུབ་ཚད་དང་ཡིད་ཆེས་བྱེད་ཚད་ཟབ་ཏུ་འགྲོ་བའི་རྨང་གཞི་ཡིན་ལ། བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། ད་ཐེངས་ཀྱི་ཐེ་རོན་ཕུའི་འཚམས་འདྲི་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསར་འགོད་པར་བརྗོད་བྱུང་།
         འདི་ལོའི་སྟོན་དུས་སུ་ཧྥུའུ་ཀྲོའུ་ཁའེ་དབུན་རྒྱལ་སྤྱིའི་སློབ་གྲྭའི་སློབ་མ་དང་ཧྥོ་ལུའོ་ལི་ཏ་ཀྲོའུ་ཡི་སློབ་འབྲིང་ཞིག་གི་སློབ་མའི་དབར་སྨྱུག་གྲོགས་ཀྱི་འབྲེལ་བ་བཙུགས། དེར་བརྟེན་ཁའེ་དབུན་རྒྱལ་སྤྱིའི་སློབ་གྲྭའི་སློབ་སྤྱི་ཀན་ཧྥུང་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་དེ་དགེ་སློབ་དང་མཁས་དབང་དབར་གྱི་འཚམས་འདྲི་ལས་མངོན་པ་མ་ཟད། སློབ་གསོའི་འདུ་ཤེས་ཀྱི་གདོང་ཐུག་དང་སྤེལ་རེས་དང་དེ་བཞིན་སློབ་གསོའི་ཐོན་ཁུངས་ཀྱི་མཉམ་འདྲེས་ལས་དེ་བས་མངོན་གྱི་ཡོད། “སྨྱུག་གྲོགས་འབྲེལ་བ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་སློབ་ཕྲུག་ཚོས་རང་སོ་སོའི་རིག་གནས་ཤེས་རྟོགས་དང་རྒྱལ་ཁབ་གཉིས་པོའི་སློབ་གསོའི་གྲུབ་འབྲས་མཉམ་སྤྱོད་ཀྱི་ཟམ་པ་ལྟ་བུར་འགྱུར་རྒྱུ་དང་། ཐེ་རོན་ཕུས་ཀྲུང་གོར་འཚམས་འདྲི་གནང་བས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཇེ་ཟབ་ཏུ་འགྲོ་རྒྱུ་དང་། ཐེ་རོན་ཕུ་ཡིས་ཀྲུང་གོར་འཚམས་འདྲི་གནང་རིང་གི་མཐོང་ཐོས་ཚང་མ་ཨ་རི་དང་ཨ་རིའི་མི་དམངས་ལ་མཉམ་སྤྱོད་གནང་རྒྱུའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།