འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་མ་དང་ཨ་རིའི་འགོ་གཙོས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་སྐོར་གྱི་གནད་དོན་ཞི་བས་
    ཐག་གཅོད་བྱ་རྒྱུའི་རྩ་དོན་བསྐྱར་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་མ་དང་ཨ་རིའི་འགོ་གཙོས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་སྐོར་གྱི་གནད་དོན་ཞི་བས་
ཐག་གཅོད་བྱ་རྒྱུའི་རྩ་དོན་བསྐྱར་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཆིན་ཝ་ཐའེ་རུ་འཚམས་འདྲི་བྱེད་པར་ཡོང་བའི་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་དང་གྲོས་མོལ་བྱས་ཤིང་། ཁོ་རེ་ཡ་བྱང་མའི་ཉིང་རྡུལ་སྐོར་གྱི་གནད་དོན་ཞི་བས་ཐག་གཅོད་བྱེད་རྒྱུའི་རྩ་དོན་བསྐྱར་བསྒྲགས་བྱས་པ་མ་ཟད། ཁོ་རེ་ཡ་བྱང་མར་ཉིང་རྡུལ་དང་འཕུར་མདའ་སྐོར་གྱི་འཆར་གཞི་མཚམས་འཇོག་དགོས་པའི་སྐུལ་འདེབས་ཀྱང་བྱས་པ་རེད།
         ཆིན་ཝ་ཐའེ་ནས་སྤེལ་བའི་གསར་འགྱུར་ལྟར་ན། ཕྱོགས་གཉིས་ཀས་གྲོས་མོལ་བྱེད་སྐབས་ཁོ་རེ་ཡ་བྱང་མས་རང་འདོད་མཁྲེགས་བཟུང་གིས་ཉིང་རྡུལ་དང་འཕུར་མདའ་འཕེལ་རྒྱས་གཏོང་བ་ལས་ཕྱི་ཕྱོགས་འབྲེལ་བའི་ཐད་གྲོགས་མེད་ཁེར་རྐྱང་དུ་འགྱུར་བ་དང་དཔལ་འབྱོར་ཐད་དཀའ་ངལ་ཆེན་པོ་འབྱུང་ངེས་ཡིན་་པ་དང་། ཁོ་རེ་ཡ་བྱང་མས་གལ་ཏེ་ཕྱོགས་ཡོངས་དང་། ཞིབ་དཔྱད་བསྡུར་བཤེར་བྱས་ཆོག་པ། ལྡོག་མིན་བཅས་ཀྱི་བྱ་ཐབས་ཐོག་ནས་ཉིང་རྡུལ་མེད་པ་མངོན་འགྱུར་བྱས་པ་ཡིན་ན། ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་དུ་ཞི་བདེ་ཡུན་གནས་གྱི་རྐྱེན་སྲོལ་འཇོག་རྒྱུ་རེད་ཅེས་བསྟན་པ་རེད།
         ཕྱོགས་གཉིས་ཀས་ཁོ་རེ་ཡ་ལྷོ་མའི་ཕྱོགས་ཀྱིས་རང་བརྟེན་ཞིབ་འཇུག་གསར་གཏོད་བྱ་རྒྱུའི་འཕུར་མདར་སྒྲིག་པའི་མདེལ་མགོའི་ལྗིད་ཚད་ལ་ཚོད་འཛིན་མེད་པར་བཟོ་རྒྱུའི་གྲོས་ཐག་བཅད་པ་དང་། བཟོ་བཅོས་བྱས་རྗེས་ཀྱི་2017ལོའི“ཁོ་རེ་ཡ་ལྷོ་མ་དང་ཨ་རིའི་འཕུར་མདའི་ཕྱོགས་སྟོན”ལ་གྲོས་འཆམ་བྱུང་བ་རེད། ཕྱོགས་གཉིས་ཀས་ད་དུང་རྒྱལ་ཁབ་གཉིས་ཀྱིས་མྱུལ་ཞིབ་སྒྲིག་ཆས་རྩེ་གྲས་ཚུད་པའི་མཚོན་ཆ་མཐོ་གསར་ཉོ་སྒྲུབ་དང་ཞིབ་འཇུག་གསར་གཏོད་བྱེད་པའི་སྐོར་མཉམ་གྲོས་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།
         ཁོ་རེ་ཡ་ལྷོ་མ་དང་ཨ་རི་རྒྱལ་ཁབ་གཉིས་ཕན་ཚུན་བར་རང་མོས་དང་། དྲང་གཞག དོ་སྙོམས་བཅས་ཀྱི་ཉོ་ཚོང་བྱེད་རེས་སྔར་ལས་ལྷག་པར་བྱེད་ཕྱིར། ཕྱོགས་གཉིས་ཀས་ཁོ་རེ་ཡ་ལྷོ་མ་དང་ཨ་རིའི་རང་མོས་ཉོ་ཚོང་གྲོས་ཆོད་ནང་གི་འབྲེལ་ཡོད་དོན་ཚན་ལ་གྲོས་མོལ་དམ་ཟབ་སྤེལ་རྒྱུའི་གྲོས་ཐག་བཅད་པ་དང་། ཕྱོགས་གཉིས་ཀས་ད་དུང་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་ཕན་ཚུན་མ་དངུལ་འཇོག་པ་དང་ཉོ་ཚོང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་དཔལ་འབྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཇུས་གཞི་ཞིབ་ཕྲའི་ཐད་ལའང་བསམ་འཆར་གཅིག་མཐུན་བྱུང་བ་རེད།
         འདི་ནི་ཐེ་རོམ་ཕུ་ཡིས་ཨ་རིའི་ཙུང་ཐུང་གི་འགན་ཁུར་བ་ནས་བཟུང་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་ཐེངས་དང་པོ་བྱས་པ་ཡིན་ལ། ཨ་རིའི་ཙུང་ཐུང་གིས་ལོ་ངོ་25འགོར་རྗེས་ཁོ་རེ་ཡ་ལྷོ་མར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱས་པའང་རེད།
      

    ཕྱོགས་བསྡུས་གསར་འགྱུར།