འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།>>སི་ཁྲོན།

    ༄༅།།ལོ་19ལ་སླེབས་པའི་སི་ཁྲོན་དཀར་མཛེས་ཀྱི་བུ་མོ་ཞིག་གིས་མིག་སྐྱི་ཞལ་འདེབས་ཕུལ་
    ནས་འོད་སྣང་བརྒྱུད་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན། ཐོ་རེངས་ཆུ་ཚོད་4དང་སྐར་མ་15ཙམ་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འདབ་པ་ཉི་བརྟེན་གྱི་ལོ་19ལ་སླེབས་པའི་བུ་མོ་ཡའོ་ཤིན(མིང་ཚབ)གྱི་དབུགས་ཀྱི་རྒྱུ་བ་ཆད། སྤྱི་ཚོགས་ཀྱིས་བུ་མོར་རོགས་རམ་བྱས་པར་དྲིན་གསོ་ཆེད་བུ་མོའི་ནང་མིས་ཁོང་གི་མིག་སྐྱི་ཞལ་འདེབས་འབུལ་རྒྱུའི་ཐག་བཅད། ཁོང་མོའི་ནང་མི་ཚོས་“བུ་མོ་ང་ཚོ་དང་ཁ་བྲལ་སོང་། འོན་ཀྱང་བུ་མོའི་མིག་སྐྱི་ཞལ་འདེབས་ཕུལ་ནས་ང་ཚོར་རོགས་རམ་བྱེད་མཁན་ལ་དྲིན་གསོ་རྒྱུ་ཡིན་ཞེས་བཤད་པ་རེད།”
         གསར་འགོད་པར་ཤེས་རྟོགས་བྱུང་གསལ། སི་ཁྲོན་གཡག་རྔ་གྲོང་ཁྱེར་ནས་ཡིན་པའི་ཡའོ་ཤིན་ཟླ་དགུ་པའི་ཟླ་མཇུག་ཏུ་འདབ་པ་ཉི་བརྟེན་དུ་གྲོགས་མོར་ལྟ་བར་སྐྱོད་སྐབས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ནས་རྨས་སྐྱོན་ཚབས་ཆེན་ཕོག་རྐྱེན་ཡུལ་དེའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། འོན་ཀྱང་། སྐྱོན་རྨས་ཚབས་ཆེ་བའི་དབང་གིས་ཡའོ་ཤིན་ལ་འཕྲལ་དུ་ཁྲག་བླུགས་དགོས་མོད། འོན་ཀྱང་སྨན་ཁང་གི་ཁྲག་མཛོད་ནང་ཡའོ་ཤིན་གྱི་ཁྲག་རིགས་དང་འཚམ་པའི་ཁྲག་ཧ་ཅང་དཀོན། ཛ་དྲག་གི་གནས་ཚུལ་འོག ཡུལ་དེའི་སྤྱི་ཚོགས་ལས་རིགས་ཁག་གིས་གཅེས་སེམས་བརྒྱུད་སྤྲོད་བྱས་ཤིང་། དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་བང་བསྒྲིགས་ནས་ཁྲག་ཞལ་འདེབས་ཕུལ་ཏེ་ལོ་ཆུང་བུ་མོའི་ཚེ་སྲོག་ནུས་ཤུགས་ཡོད་རྒུས་སྐྱོབ་ཐབས་བྱས།
         “མཐར་བུ་མོ་ཚེ་ལས་འདས་རུང་། མི་མང་པོ་དེ་འདྲས་ངའི་བུ་མོའི་སྲོག་སྐྱོབ་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲིན་གསོ་ཆེད་ངས་བུ་མོའི་མིག་སྐྱི་ཞལ་འདེབས་ཕུལ་ཏེ་མི་གཞན་ལ་ཕན་འདོགས་ཐུབ་པ་བྱ་རྒྱུ་ཡིན། བུ་མོའི་མིག་སྐྱིས་མི་གཞན་ལ་འོད་སྣང་སྦྱིན་རྒྱུའི་རེ་བ་ཡོད་ལ་བུ་མོའི་མིག་ནང་མཛེས་སྡུག་ལྡན་པའི་འཛམ་གླིང་དེ་ནམ་ཡང་གནས་ཐུབ་པའི་རེ་བ་ཡོད”ཅེས་ཡའོ་ཤིན་གྱི་ཨ་མས་དེ་ལྟར་བཤད།
         ཡའོ་ཤིན་གྱི་ཕ་མས་ཞལ་འདེབས་འབུལ་བའི་འགྲོ་ལུགས་གཉེར་རྗེས་ཁྲེང་ཏུའུ་ཨའེ་ཏི་མིག་མཛོད་ཀྱི་ལས་དོན་མི་སྣས་ཡའོ་ཤིན་ལ་མིག་སྐྱི་ཞལ་འདེབས་འབུལ་བའི་གཤགས་བཅོས་བྱས། ཡའོ་ཤིན་གྱིས་ཕུལ་བའི་རྩ་ཆེའི་མིག་སྐྱི་འཁྱེར་ནས་ལས་དོན་མི་སྣས་དུས་གཏན་གནམ་གྲུ་མགྱོགས་ཤོས་བསྡད་ནས་ཁྲེང་ཏུར་ལོག
         གསར་འགོད་པར་ཤེས་རྟོགས་བྱུང་གསལ། མིག་སྔར་ཡའོ་ཤིན་གྱིས་ཞལ་འདེབས་ཕུལ་བའི་མིག་སྐྱི་ཁྲེང་ཏུའུ་ཨའེ་ཏི་མིག་མཛོད་དུ་ཞིབ་བཤེར་ཚད་ལེན་བྱེད་བཞིན་ཡོད་པ་དང་ཚད་ལེན་མཇུག་འགྲིལ་རྗེས་ཁོང་གི་མིག་སྐྱི་མིག་ནད་ཕོག་མཁན་ལ་རྩ་སྤོས་བྱས་ཏེ་འོད་སྣང་བརྒྱུད་སྤྲོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།