འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་གི་ལག་བསྟར་ཇུས་
    གཞི་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་《མཚོ་སྔོན་ཞིང་ཆེན་གྱི་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི་》(གཤམ་ལ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་ལས། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི“ཀ་གདུང་འཛུགས་པ”ལྟ་བུའི་ལམ་ལུགས་འཛུགས་སྐྱོང་གི་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ནས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད།
         《ཇུས་གཞིའི་》ནང་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་ལེགས་སུ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཏེ་སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། སྨན་ཁང་གི་བཅོས་སྐྱོང་མ་ལག་དང་དོ་དམ་ནུས་པ་ལེགས་སུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ། སྨན་བཅོས་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ། སྨན་དོན་མི་སྣའི་ཧུར་སེམས་སྐོང་འཐེན། སྤྱི་ཚོགས་ཀྱི་ཕན་འབྲས་དང་འཁོར་སྐྱོད་ཀྱི་ཕན་འབྲས་གཅིག་གྱུར་ནུས་ལྡན་ཡོང་བ་བཅས་བྱས་ཏེ་བདེ་ཐང་མཚོ་སྔོན་བསྐྲུན་རྒྱུར་སྐུལ་མ་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་ཡོད།
         《ཇུས་གཞིའི་》ནང་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་ལ་ཕྱོགས་གསུམ་ནས་ལས་འགན་གཙོ་བོ་23གཏན་འཁེལ་བྱས་ཡོད།
         སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་སྒྲིག་ཡིག་གཅིག་བཟོ་བ་དང་། ལམ་སྲོལ་གཅིག་ལེགས་སུ་གཏོང་བ། ལམ་ལུགས་ཁག་བཅུ་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་ཁག་གཉིས་ཡག་པོ་སྒྲུབ་པ་བཅས་བྱས་པ་སྟེ། སྨན་ཁང་གི་སྒྲིག་ཡིག་བཟོ་བ་དང་། སྨན་ཁང་གི་ཐབས་ཇུས་ལམ་སྲོལ་ལེགས་སུ་གཏོང་བ། སྨན་ཁང་གི་དམངས་གཙོའི་དོ་དམ་དང་། སྨན་བཅོས་སྤུས་ཚད་བདེ་འཇགས་དོ་དམ། མི་ཤུགས་ཐོན་ཁུངས་ཀྱི་དོ་དམ་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྨན་ཁང་གི་རིག་གནས་འཛུགས་སྐྱོང་དང་དམངས་ཕན་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་འདེགས་ཕྱོགས་ཡོངས་ནས་ཞུ་བའི་ལས་དོན་ཁག་གཉིས་རྒྱུན་མཐུད་ངང་ཡག་པོ་བསྒྲུབ་རྒྱུ་རེད།
         སྨན་ཁང་གི་བཅོས་སྒྲིག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་སྲིད་གཞུང་གིས་སྨན་ཁང་འཛུགས་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་སྲིད་གཞུང་གིས་གཞུང་བཙུགས་སྨན་ཁང་བཙུགས་པའི་འགན་ནུས་ཁ་གསལ་བཟོ་རྒྱུ་དང་། སྲིད་གཞུང་གིས་སྨན་ཁང་འཛུགས་པའི་ཐད་གཏོང་ཆ་སྣ་ཚོགས་གཏོང་བའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཆ་རྐྱེན་དང་འཚམ་པའི་གཞུང་བཙུགས་སྨན་ཁང་གི་དུས་ཡུན་རིང་པོའི་བུ་ལོན་རིམ་བཞིན་འཇལ་བ་དང་སྨན་བཅོས་ཞབས་ཞུའི་རིན་གོང་སྟབས་བསྟུན་ལེགས་སྒྲིག་གི་ལམ་སྲོལ་འཛུགས་རྒྱུ། སྲིད་གཞུང་གིས་གཞུང་བཙུགས་སྨན་ཁང་གི་དོ་དམ་ལམ་ལུགས་དང་ཡོའན་ཀྲང་འདེམས་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་བཟོ་རྒྱུ་དང་སྒྲིག་གཞིའི་སྒྲིག་ཁུངས་དོ་དམ་བྱ་ཐབས་གསར་པ་བཟོ་རྒྱུ། སྲིད་གཞུང་གི་ལྟ་སྐུལ་འགན་ནུས་ཁ་གསལ་བཟོ་བ་དང་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་འགན་བཅོལ་གྱིས་སྨན་བཅོས་ཞབས་ཞུ་དང་སྨན་ཡོན་ལ་སྙོམས་སྒྲིག་ཚོད་འཛིན་དང་། སྣེ་ཁྲིད་དང་ལྟ་སྐུལ་ཚོད་འཛིན་བྱེད་པའི་འཇོན་ཐང་གང་ལེགས་བཏོན་པ། གཞུང་བཙུགས་སྨན་ཁང་གི་རྩིས་པ་དང་རྩིས་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་རིན་ལུགས་དང་མི་མཐུན་པའི་ངང་འཕར་རྒྱུ་ཚོད་འཛིན་ནན་པོ་བྱ་རྒྱུ། གཞུང་བཙུགས་སྨན་ཁང་གི་གཉེར་སྐྱོང་དོ་དམ་གྱི་རང་བདག་དབང་ཆ་དང་མི་སྤྱོད་ཀྱི་རང་བདག་དབང་ཆ་དོན་འཁྱོལ་བྱས་ཏེ་ཐག་རིང་ལུང་ཁུག་ས་ཁུལ་གྱི་གཞུང་བཙུགས་སྨན་ཁང་དུ་སྨན་པ་བསྡུ་བའི་ལས་དོན་ལ་སྒྱུར་བཅོས་བྱས་ཏེ་ཡར་སྐུལ་འགན་ལེན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཀྱི་སྤུས་ཚད་སོགས་གདེང་འཇོག་ཁས་ལེན་ལམ་ལུགས་དང་རིམ་ལྡན་སྨན་ཁང་གི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་སྒྱུར་བཅོས་བྱས་ནས་ལེགས་སུ་གཏོང་རྒྱུ་རེད།
         སྨན་ཁང་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གཞུང་བཙུགས་སྨན་ཁང་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ནས་ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་ཡོའན་ཀྲང་གི་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ཏང་གི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་བཀོད་སྒྲིག་སྨན་ཁང་ནང་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པ་བྱ་རྒྱུ་དང་། གཞུང་བཙུགས་སྨན་ཁང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྐུལ་མ་གཏོང་རྒྱུ་དང་སྤྱི་ཚོགས་ཀྱིས་བསྐྲུན་པའི་སྨན་ཁང་ལ་ཏང་རྩ་འཛུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་པའི་ཐད་ཕན་འབྲས་དངོས་ཐོབ་ནས་འདི་ལོ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་གཞུང་བཙུགས་སྨན་ཁང་ཁག་གཅིག་བདམས་ནས་ཚོད་ལྟ་བྱ་རྒྱུ་དང་2018ལོའི་ལོ་སྨད་དུ་ཉམས་མྱོང་ཕྱོགས་སྡོམ་བྱས་ཐོག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་ཀྱི་སྒྲིག་གཞི་འཛུགས་ཐུབ་པ་བྱ་རྒྱུ་དང་2020ལོར་སླེབས་སྐབས་དབང་ཆ་དང་འགན་འཁྲི་ཁ་གསལ་དང་། ཚན་རིག་དང་མཐུན་པའི་དོ་དམ། བཅོས་སྐྱོང་འཐུས་ཚང་། འཁོར་སྐྱོད་ནུས་ཆེ། ལྟ་སྐུལ་ནུས་ལྡན་བཅས་ཀྱི་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་སྤྱིར་འཛུགས་ཟིན་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།