༄༅།།སི་རི་ལན་ཁའི་ལྷོ་རྒྱུད་ཀྱི་ཧན་པན་ཐོའོ་ཐར་ཀྲུང་གོ——སི་རི་ལན་ཁའི་ཟོག་འགྲེམས་དང་
བཟོ་ལས་ཁུལ་གཞུང་དོན་ཁང་གི་སྒོ་བྱང་གི་ཁེབས་རས་ཕྱེ་བ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 11ཚེས་07ཉིན། 09:34】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་སི་རི་ལན་ཁའི་ལྷོ་རྒྱུད་ཀྱི་ཧན་པན་ཐོའོ་ཐར་ཀྲུང་གོ——སི་རི་ལན་ཁའི་ཟོག་འགྲེམས་དང་བཟོ་ལས་ཁུལ་གཞུང་དོན་ཁང་བཙུགས་པ་དང་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོ་སྤེལ་བ་རེད། མ་འོངས་པར་ཀྲུང་སི་རྒྱལ་ཁབ་གཉིས་པོའི་ལས་དོན་པས་གཞུང་དོན་ཁང་དུ་མཉམ་དུ་ལས་གཉེར་བྱས་ནས་ཁུལ་ནང་གི་ཁེ་ལས་ལ་ཞབས་འདེགས་ཞུ་རྒྱུ་རེད།
སི་རི་ལན་ཁའི་ཙུང་ལི་ཝུའེ་ཁེ་ལེ་མཱ་ཤིན་ཧཱས་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོའི་ཐོག་གསུང་དོན། ཀྲུང་གོ——སི་རི་ལན་ཁའི་ཟོག་འགྲེམས་དང་བཟོ་ལས་ཁུལ་གཞུང་དོན་ཁང་བཙུགས་པ་དེ་ལས་སི་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་དུས་མཚམས་གསར་པར་སླེབས་པ་མཚོན་པས། སི་རི་ལན་ཁ་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན།
སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱིས་ཤན་ལེང་གིས་ཤིས་ཚིག་གསུང་སྐབས། ཀྲུང་སི་རྒྱལ་ཁབ་གཉིས་པོས་ཐོན་ལས་མཉམ་ལས་བརྒྱུད་ནས་སི་རི་ལན་ཁའི་བཟོ་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཡོད། གཞུང་དོན་ཁང་གི་སྒོ་བྱང་གི་ཁེབས་རས་ཕྱེ་ནས་གཉེར་སྐྱོང་བྱས་པ་ལས་བཟོ་ལས་ཁུལ་གྱི་ཚོང་འགུགས་ལས་དོན་ལ་སྐུལ་སྤེལ་ཐེབས་ནས་མ་འོངས་པར་བཟོ་ལས་ཁུལ་དུ་བཟོ་ལས་རིགས་དེ་བས་མང་བ་ཚུད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།