འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ཤང་གི་འབྱོར་འབྲིང་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་དུ་ཆུ་རྒྱུན་འགྲམ་གྱི་ལྗོངས་ལྟ་གོམ་བགྲོད་ལམ་ཐོག་སྐྱོད་སྐབས་གྲོང་ཁྱེར་གྱི་སྤྱི་གླིང་ནང་སྐྱོད་པའི་ཚོར་སྣང་སྟེར་བ་དང་། སྔོ་ལྗང་མཛེས་ལྗོངས་ཁྲོད་དུ་གནས་པའི་ལྷོ་པ་གྲོང་མིའི་སྡོད་ཁང་གི་ཟུར་བཞིར་ཤུན་ལྤགས་འདྲ་བཟོ་བྱས་ནས་མཛེས་རྒྱན་སྤྲས་པ་དང་། གྱང་ངོས་སུ་ར་སྐྱོར་གྱི་རི་མོ་བྲིས་པ། ཁང་ཐོག་ཏུ་ཧ་ཡང་ལས་བཟོས་པའི་འབྲས་སོག་བཏིང་པ་བཅས་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ལྷོ་པ་མི་རིགས་ཀྱི་རིག་གནས་རེད།
          སྟོན་ཟླ་ཤར་ཚུན་ལྷོ་པའི་དེ་སྔའི་ཤང་གི་ཐང་ཆེན་ཐོག་གི་ལྕང་མ་ཆེན་པོའི་འོག་དལ་གྱིས་བཞུར་བའི་ཆུ་ཕྲན་གྱིས་གྲོང་ཚོ་ཁག་ཕྲེང་དུ་བརྒྱུད་པ་དང་། ལྷོ་པ་མི་རིགས་ཀྱི་མེས་པོ་ཨ་པོ་མདའ་ཉིའི་བརྐོས་བརྙན་སྲུང་བཞིན་མཆིས་ལ། ཡར་སྔོན་ལུང་གཞུང་དུ་འཚོ་སྡོད་བྱེད་པའི་ལྷོ་པ་མི་རིགས་རྣམས་ད་ཆར་ཁུ་སིམ་པའི་གནས་འདིར་བློ་བདེ་བག་ཕེབས་ངང་གནས།
         སྔོ་ཞིང་དྭངས་པའི་ནམ་མཁའི་འོག་དང་། མཐོ་ཞིང་བརྗིད་པའི་རི་བོའི་གཤམ། རྒྱ་ཆེ་བའི་ཐང་ཆེན་བཅས་སུ་གླུ་ལེན་གར་འཁྲབ་ལ་མཁས་པའི་ལྷོ་པ་རིགས་ཀྱི་ཕོ་གཞོན་མོ་གཞོན་ཚོས་ལྷོ་པའི་དེ་སྔའི་ཤང་གི་ཐང་ཆེན་ཐོག་ཞབས་བྲོ་སྦྱོང་བཞིན་ཡོད། དེ་ནས་བརྒྱུད་མཁན་གྲོང་མི་ཚོས་ཞབས་བྲོ་རྒྱག་མཁན་ལ་ཡང་ཡང་ལྟ་བ་མ་ཟད། ད་དུང་ཁོང་ཚོར་པར་ཡང་རྒྱག་གི་ཡོད།
         “ཁོང་ཚོས་སྦྱོང་བའི་ཞབས་བྲོ་ནི་སྐད་གྲགས་ཡོད་པའི་གདོད་མའི་ཞབས་བྲོ་《བྱ་བསེ་རུའི་བླ་སྲོག་》ཞེས་པ་དེ་རེད”ཅེས་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་དབྱངས་ཅན་གྱིས་བཤད་བྱུང་། བྱ་བསེ་རུ་ནི་ལྷོ་པ་མི་རིགས་ཀྱི་དམངས་ཁྲོད་ནང་ལྷ་བྱ་ཞིག་ཡིན། དེའི་གཏམ་རྒྱུད་ནི་ཁོང་ཚོའི་ངག་རྒྱུན་དུ་གྲགས་པ་ལས་ཡི་གེའི་ཐོག་བཀོད་མེད།
         སྐད་གསང་མཐོ་ལ་ངར་ཤུགས་ལྡན་པའི་གླུ་དབྱངས་ཁྲོད་ཕོ་གཞོན་ཞིག་གིས་ལག་ཏུ་གྲི་ཆེན་བཟུང་བ་དང་མོ་གཞོན་ཞིག་གིས་རྒྱབ་ཏུ་སྨྱུག་སླེ་འཁུར་ཏེ་སྐབས་རེ་འཁྱོག་ནས་སྨོན་ལམ་འདེབས་པ་དང་སྐབས་རེ་གྲི་འཕྱར་ནས་ངར་སྐད་སྒྲོག་པ་དང་། སྐབས་རེ་ཚང་མ་གཅིག་ཏུ་སྐོར་ནས་ལོ་ལེགས་བྱུང་བའི་དགའ་སྤྲོའི་རྣམ་པ་མངོན་པ་སོགས་ལྷོ་པའི་ཞབས་བྲོ་དེ་འཚོ་བའི་ལག་ལེན་དངོས་ལས་བྱུང་བ་ཞིག་ཡིན་པས་ཆ་ལུགས་མང་པོ་སྲོག་ཆགས་ཀྱི་གཟུགས་དབྱིབས་དང་སྒུལ་སྟངས་ལ་ལད་མོ་བྱས་པ་ཞིག་ཡིན། ད་དུང་མི་ཚོས་སྲོག་ཆགས་བཟུང་བ་དང་འདུལ་གསོ་བྱེད་པའི་དགའ་སྤྲོའི་རྣམ་པའང་ཡོད།
         མི་ཚོགས་ཁྲོད་བསོད་ནམས་ཡེ་ཤེས་ཀྱིས་ཞབས་བྲོ་ལྟ་བཞིན་ཡོད། ཁོང་གི་དགའ་སྤྲོའི་སེམས་པ་ངོ་གདོང་ནས་ཡོངས་སུ་མངོན། ཁོང་སྤོས་མ་ཐག་སྡོད་ཁང་གསར་པའི་ནང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཐབ་ཚང་ཡོད་པ་དང་། ཁང་པའི་སྟེང་ཤོད་ལ་གསང་སྤྱོད་ཡོད་པ། ཁང་པའི་ནང་རང་འབབ་ཆུ་ཀ་ལ་འཁྲིད་ཡོད་ལ་ཆུའང་དྭངས་སིལ་སིལ་ཞིག་ཡོད། སྟེང་གི་ཁང་པའི་ཚོམས་ཆེན་ཁང་ནང་སྒྲིག་པའི་བོད་བཟོའི་འཛིན་ཆས་གསར་པ་དག་ལས་ཤིང་གི་དྲི་ཞིམ་འཐུལ། “ཁང་པ་མཛེས་པོ་ཞིག་བརྒྱབ་ཡོད། ཁང་པར་སྒོར་ཁྲི་གཅིག་ལྷག་ཙམ་གྱི་འཛིན་ཆས་གསར་པ་ཉོས་པ་ཡིན། དེ་སྔ་མདོ་ཡུལ་གྲོང་ཚོའི་ཁང་པ་ནི་གོག་ཧྲུལ་ཡིན་པ་མ་ཟད། ད་དུང་གང་སར་སྒོ་ཕྱུགས་རྒྱུག་པ་དང་། འགྲོ་ལམ་ལ་ཀོང་ས་མང་བ། གང་ས་གང་དུ་བལྟས་ཀྱང་སྒོ་ཕྱུགས་ཀྱི་ལྕི་བ་དང་བྲུན་རེད། ད་ཆ་གྲོང་ཚོའི་ཆ་རྐྱེན་ལེགས་སུ་སོང་ནས་དུད་ཚང་ཚང་མས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་བརྒྱབ་ཡོད། དེས་མ་ཚད་འགྲོ་ལམ་བདེ་རུ་སོང་བ་དང་། མཚན་མོ་ད་དུང་ལམ་སྒྲོན་ཡོད་པ། གད་སྙིགས་ཐག་གཅོད་བྱེད་མཁན་ཡོད་པས་མི་ཚང་མས་ཏང་གི་སྲིད་ཇུས་བཟང་པོར་བསྟོད་བསྔགས་གཏོང་གི་ཡོད། ཏང་གི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག་ང་ཚོའི་འཚོ་བ་ཇེ་ལེགས་སུ་སོང་བ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སེམས་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་སོང”ཞེས་བསོད་ནམས་ཡེ་ཤེས་ཀྱིས་བཤད་བྱུང་།
         བཀྲ་ཤིས་དབྱངས་ཅན་གྱིས་2014ལོ་ནས་བཟུང་ཤང་ཡོངས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་འགྲིམ་འགྲུལ་དང་། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་མདོ་ཡུལ་ལྷོ་པ་མི་རིགས་ཤང་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས་པ་རེད། ད་ཆ་ཤང་གི་ཆུ་འགོ་དང་སྤང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་གདོད་མའི་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་། ཁོར་ཡུག་མཛེས་སུ་སོང་བ། ཁང་པར་དེ་བས་ཁྱད་ཆོས་ལྡན་པ། ཡུལ་སྐོར་བའང་མང་དུ་སོང་ཡོད། གྲོང་མི་ཚོས་མི་རིགས་ལག་ཤེས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་ཁྱིམ་ཚང་མགྲོན་ཁང་དང་ཟ་ཁང་གཉེར་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་ཕྱུག་འགྱུར་བྱས་པ་དང་མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར་ཡོད།
          དེ་སྔའི་ལྷོ་པའི་རི་གྲོང་ད་ལྟ་མཐོང་རྒྱུ་མེད་ལ་གྱང་སྟེང་དུ་བཀལ་བའི་ལྷོ་པའི་མདའ་གཞུ་དང་རི་དྭགས་ཀྱི་པགས་པས་བཟོས་པའི་རྒྱན་གོས་ལས་མི་རྣམས་ལ་ལྷོ་པའི་འདས་ཟིན་པའི་ལོ་རྒྱུས་བརྗོད་པ་ལྟར་སྣང་།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བར་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་བཏོན་གནང་ཡོད། མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད་རྒྱལ་ཁབ་ཀྱིས་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐའ་དར་དམངས་ཕྱུག་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་རིམ་པ་དང་པོ་དང་གཉིས་པའི་མཐའ་མཚམས་གྲོང་མིའི་ཁ་གསབ་རོགས་དངུལ་སྒོར་1000བར་མང་དུ་བཏང་སྟེ་སོ་སོར་སྒོར་2700དང་སྒོར་2500ཟིན་པ་དང་། ལྟེ་བའི་ས་ཁུལ་གྱི་མང་ཚོགས་མཐའ་མཚམས་ཀྱི་རིམ་པ་དང་པོའི་ས་ཁུལ་ལ་གནས་སྤོ་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་300བཏང་ནས་གནས་སྡོད་དང་། ལས་ཞུགས། ཡུལ་སྐོར་བཅས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལག་བསྟར་བྱས་ནས་མཐའ་མཚམས་ས་ཁུལ་གྱི་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་མི་དམངས་ཀྱིས་ལྗོངས་ཡོངས་ཀྱི་མི་དམངས་དང་མཉམ་དུ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་ནས་མཉམ་དུ་ཕྱུག་འགྱུར་དང་འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
         ཟླ་10ཚེས་18ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འགོ་ཚུགས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ཉན་ནས་རི་གྲོང་ཆུང་ཆུང་དེ་འཁྲུག་ཆ་དོད་པོར་གྱུར་ཡོད། ཉིན་དེ་དག་རིང་གྲོང་ཚོའི་ལས་བྱེད་པས་ཐེམ་དུད་རེ་རེ་བཞིན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་ཚང་མས་འཕེལ་རྒྱས་དང་འབྱུང་འགྱུར་གླེང་ནས་དགའ་སྤྲོའི་རྣམ་པས་ཁེངས།
          བསོད་ནམས་ཡེ་ཤེས་ཀྱིས“ལོ་ལྔའི་རིང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེཌ་སུ་ཕྱིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ང་ཚོ་སྡོད་ཁང་གསར་པར་སྤོས་པ་ཙམ་མིན་པར་གྲོང་ཚོའི་ལམ་བུ་དང་། ཁོར་ཡུག སྨན་བཅོས་སོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་བས་ཚང་མའི་བསམ་བློ་དང་ལྟ་བར་འགྱུར་ལྡོག་ཕྱིན་ཏེ་ཚང་མས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྲིད་ཇུས་བཟང་པོ་མང་པོ་བཏོན་ཡོད་པས་ཏང་གི་འགོ་ཁྲིད་འོག་འཚོ་བ་ཇེ་ཡག་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་བྱུང་།
         བཀྲ་ཤིས་དབྱངས་ཅན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་ནི་མིག་སྔའི་ང་ཚོའི་ལས་དོན་གལ་ཆེན་ཞིག་ཡིན་པས་ང་ཚོ་ཚང་མས་ཚོགས་འདུའི་དགོངས་དོན་ཤེས་པར་བྱེད་ཀྱི་ཡིན། སྙན་སྒྲོན་ནང་ད་ལྟ་ནས་2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་ཞེས་བཏོན་པས་ང་ཚོར་ཡིད་ཆེས་ཀྱིས་ཁེངས་སོང་། ཏང་གི་འགོ་ཁྲིད་དང་ཤང་ཡོངས་ཀྱི་མི་དམངས་ཀྱི་འབད་བརྩོན་འོག་ང་ཚོས་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།