འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི་ཞིབ་འཇུག་སྒྲིག་གཞིས་འཇར་མན་བས་ཆང་རག་འཐུང་བའི་སྙན་ཞུ་ཡོངས་
    བསྒྲགས་ཐེངས་དང་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། འཇར་མན་གྱི་སྐྲན་ནད་ཞིབ་འཇུག་ལྟེ་གནས་ཀྱིས་《འཇར་མན་བས་ཆང་རག་འཐུང་བའི་2017ལོའི་སྙན་ཞུ་》ཡོངས་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། འཇར་མན་དུ་མི་ཁྲི་950ཙམ་གྱི་ཆང་རག་འཐུང་སྟངས་དེ“ཉེན་ཁ་ཆེ་བའི་ཆང་རག་འཐུང་སྟངས”ཀྱི་ཁོངས་སུ་གཏོགས་པ་དང་ལོ་ལྟར་མི་ཁྲི་2ལས་བརྒལ་བ་ཆང་རག་བཏུངས་ནས་ཤི་བའི་འབྲེལ་ཡོད་གནས་ཚུལ་ཐོན་གྱི་ཡོད་པ་རེད།
          དེ་ནི་འཇར་མན་བས་ཆང་རག་འཐུང་བའི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱེད་ཐེངས་དང་པོའི་སྙན་ཞུ་ཡིན་པ་དང་། དེ་ནི་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་སྡེ་ཚན་གྱིས་འཇར་མན་གྱི་སྐྲན་ནད་ཞིབ་འཇུག་ལྟེ་གནས་ལ་གཞོགས་འདེགས་བྱས་ནས་ལེགས་སྒྲུབ་བྱས་པ་ཞིག་རེད།
          སྙན་ཞུ་ལས་མངོན་པ་ལྟར་ན། འཇར་མན་དུ་ཆང་རག་འཐུང་བའི་གོམས་གཤིས་དེ་ཡོང་འབབ་དང་འབྲེལ་བ་ཡོད། 71%ཟིན་པའི་ཡོང་འབབ་མཐོ་བའི་སྐྱེས་པས་གཟའ་འཁོར་རེར་ཉུང་མཐར་ཡང་ཆང་རག་ཐེངས་རེ་འཐུང་བ་དང་། ཡོང་འབབ་འབྲིང་དམའི་སྐྱེས་པའི་ཚོགས་པའི་ནང་བསྡུར་ཚད་དེ་57.7%དང་49.3%ལས་ཟིན་གྱི་མེད། བུད་མེད་ཀྱི་དེ་མཚུངས་བསྡུར་ཚད་ནི་48.7%དང་། 37% 24.3%བཅས་སོ་སོ་ཡིན་པ་རེད།
          ཡོང་འབབ་མཐོ་བ་དང་། འབྲིང་བ། དམའ་བ་བཅས་ཀྱི་སྐྱེས་པའི་ཁྲོད་20.3%དང་། 17.1% 18.9%བཅས་ལ“ཉེན་ཁ་ཆེ་བའི་ཆང་རག་འཐུང་སྟངས”ཀྱི་རྣམ་པ་གནས་ཡོད། བུད་མེད་ཀྱི་དེ་མཚུངས་བསྡུར་ཚད་ནི་20.9%དང་། 13.9% 8.7%བཅས་སོ་སོ་ཡིན་པ་རེད།
         སྙན་ཞུའི་ནང་ཨ་རག་གི་ཉིང་ཁུ་དེ་ནད་ཡམས་རིགས་ཁག་200ལྷག་ཙམ་དང་འབྲེལ་བ་ཡོད་པ་མ་ཟད། གོ་ལ་ཧྲིལ་པོར་སྐྲན་ནད་ཕོག་མཁན་5.5%ཡོད་པ་དེ་ཆང་རག་འཐུང་བ་དང་འབྲེལ་བ་ཡོད་པའི་ར་སྤྲོད་བྱུང་ཡོད། ཆང་རག་ཚད་མེད་བཏུངས་ན་མཆིན་པ་དང་། ཕོ་བ། ཀླད་པ། དབང་རྩ། ནད་འགོག་མ་ལག་བཅས་ལ་གནོད་ཚབས་ཆེན་པོ་ཡོད་པ་འཁོད་ཡོད།
         འཇར་མན་འཕྲོད་བསྟེན་པུའི་སྨན་རྫས་ལས་དོན་གྱི་ཀྲོན་ཡོན་མཱ་ལའེ་ནཱ་·མོ་ཐེ་ལེས་འཇར་མན་སྤྱི་ཚོགས་ཀྱིས་ཆང་རག་འཐུང་བ་ལས་ཐོན་པའི་གནད་དོན་ལ་མཐོང་ཆེན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་འདང་གི་མེད། “ལོ་ལྟར་འཇར་མན་དུ་ཆང་རག་ཉིང་ཁུའི་གནོད་འཚེ་ཕོག་པའི་ཕྲུ་གུ་དམར་འབྱར་ཁྲི་1ཙམ་སྐྱེས་པ་དང་། ཕྲུ་གུ་ཁྲི་265ཡི་ཕ་མའི་ཁྲོད་ཕ་མ་གཅིག་གིས་ཉུང་མཐར་ཡང་ཆང་རག་འཐུང་བའི་གནད་དོན་གནས་ཡོད་པའི”ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།