འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་རིན་གོང་འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་དབྱར་རྩྭ་དགུན་འབུའི་ཐོན་ཚད་ལོ་གོང་མ་ལས་ཅུང་མཐོ་རུ་ཕྱིན་པ་དང་ཆབས་ཅིག་རིན་གོང་ཐད་འཕར་བའི་རྣམ་པ་མངོན་ཡོད་པ་རེད།
         རང་རྒྱལ་ནི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེ་མོ་ཞིག་ཡིན་པ་དང་ཐོན་ཚད་ཀྱིས་འཛམ་གླིང་ཡོངས་ཀྱི་96%བཟུང་བ་དང་ཐོན་ཁུལ་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཚུད་པ་དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་65%ཙམ་བཟུང་ཡོད་པ་རེད།
         མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡོང་བའི་དབྱར་རྩྭ་དགུན་འབུ་འཐུ་མཁན་དང་ཉོ་མཁན་འགའ་ཞིག་གིས་འདི་ལོའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ལ“ལོ་ལེགས་བྱུང་ཡོད”ཅེས་བཤད།
         ཡུལ་ཤུལ་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་ཧ་ཤུལ་ཤང་གཡང་ཐར་གྲོང་ཚོའི་དབྱར་རྩྭ་དགུན་འབུ་འཐུ་མཁན་བཀྲ་ཤིས་ཉི་མས་གསར་འགོད་པར“འདི་ལོའི་སྔོག་འཐུའི་དུས་ཚིགས་ཀྱི་ཉིན་དང་པོར་མི་འགའ་ཞིག་ལ་ཉིན་གཅིག་ནང་དབྱར་རྩྭ་དགུན་འབུ་རྐང་བརྒྱ་ལྷག་ཙམ་འཐུ་རྒྱུ་བྱུང་བ་དེ་ཧ་ཅང་མཐོང་དཀོན་པ་ཞིག་རེད། ཆ་སྙོམས་བྱས་ན་སྔོག་འཐུའི་དུས་ཚིགས་སུ་མི་རེས་ཉིན་རེར་དབྱར་རྩྭ་དགུན་འབུ་རྐང་70ཙམ་འཐུ་ཐུབ་ཀྱི་ཡོད། འོན་ཀྱང་ན་ནིང་སྔོག་འཐུའི་དུས་ཚིགས་སུ་ཆ་སྙོམས་བྱས་ན་མི་རེས་ཉིན་རེར་རྐང་30ལས་འཐུ་ཐུབ་ཀྱི་མེད”ཅེས་བཤད།
         ཡུལ་ཤུལ་ཀྲོའུ་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཀརྨ་སེང་གེས་ངོ་སྤྲོད་བྱས་པར། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2017ལོར་མཚོ་སྔོན་ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཏུན་30ཙམ་ཟིན་ཡོད་ཅེས་བཤད།
         ཟི་ལིང་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུའི་ཁྲོམ་ར་ཆེ་ཤོས་ཤིན་ཆན་དབྱར་རྩྭ་དགུན་འབུའི་འཛམ་གླིང་ཆེ་མོར། ལོ་ལྟར་དབྱར་རྩྭ་དགུན་འབུའི་ཚོང་རྒྱག་མཁན་མཱ་ཁྲུན་ཧྭ་ཡིས་གསར་འགོད་པར། དབྱར་རྩྭ་དགུན་འབུའི་རིན་གོང་ལོ་གཉིས་ལྷག་ཙམ་དམའ་རུ་ཕྱིན་རྗེས་2016ལོའི་ལོ་སྨད་དུ་འཕར་འགོ་ཚུགས་པ་དང་འདི་ལོ་རིན་གོང་མུ་མཐུད་འཕར་བའི་ཁྲོད་སྤུས་ཀ་འབྲིང་བའི་དབྱར་རྩྭ་དགུན་འབུར་(རྒྱ་མ་རེར་རྐང་2000)རྒྱ་མ་རེར་སྒོར་ཁྲི་10ཙམ་བྱས་ནས་བཙོངས་པ་དང་། སྤུས་ཀ་ལེགས་པ་(རྒྱ་མ་རེར་རྐང་1000)རྒྱ་མ་རེར་སྒོར་ཁྲི་16ཙམ་བྱས་ནས་བཙོངས་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་འཕར་ཡོད་ཅེས་བཤད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2017ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་རིན་གོང་དུས་མཚུངས་ལས་10.36%འཕར་བའི་ནང་འཕར་ཚད་མཐོ་ཤོས་ཀྱི་དུས་ཚིགས་གཉིས་པར་དུས་མཚུངས་ལས་17.84%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།