འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མིག་གིས་མཐོང་ཐུབ་པ་བྱེད་མ་ཐུབ་ཀྱང་ཁོང་ལ་རེ་བ་ཕྲན་བུ་ཞིག་ཅི་ནས་ཀྱང་ཡོང་ཐབས་བྱས་ཡོད།

    —— ཨ་རི་བ་ཨོ་ནུའོ་ཁེ་དང་ཀྲུང་གོའི་བོད་རིགས་བུ་མོ་ལོང་བ་ལྷ་མཛེས་དབང་མོ་དབར་གྱི"ཕ་དང་བུ་མོའི་ལས་འབྲེལ"

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “མི་མང་པོ་ཞིག་གིས་ལྷ་མཛེས་དབང་མོར་ང་འཕྲད་པ་ནི་ཁོང་གི་བསོད་ནམས་ཡིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ང་ལ་ལྷ་མཛེས་དབང་མོ་འཕྲད་པ་ནི་ངའི་བསོད་ནམས་ཡིན་ཞེས་བརྗོད་འདོད་བྱུང་། ཁོང་ནི་བློ་སྟོབས་ཆེ་བ་དང་། སྡུག་རུས་ཆེ་བ། མཛེས་སྡུག་ལྡན་པ། སྤྱང་གྲུང་ལྡན་པ། དྲིན་ཚོར་མཁན་ཞིག་རེད”
         “པོའར་ཏེ་དང་ལྷ་སའི་དབར་གྱི་མཛའ་གྲོགས་གྲོང་ཁྱེར་རྣམ་གྲངས”ཀྱི་ཀྲུའུ་ཞི་པིའར་·ཨོ་ནུའོ་ཁེས་ཉིན་ཤས་གོང་ཨ་རིའི་ཁོ་ལུའོ་ལ་ཏོ་ཀྲོའུ་པོའར་ཏེ་གྲོང་ཁྱེར་སྲིད་གཞུང་གི་ཚོམས་ཆེན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་བོད་རིགས“བུ་ཚབ”ཡིན་པའི་ལྷ་མཛེས་དབང་མོ་ངོ་སྤྲོད་བྱས་པ་རེད།
         1988ལོ་ནས་ད་བར་ལོ་29རིང་ཨོ་ནུའོ་ཁེ་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་འཚམས་འདྲིར་ཐེངས་17ཡོང་མྱོང་ཡོད་པ་དང་སི་ཁྲོན་བོད་རིགས་ས་ཁུལ་དུ་འཚམས་འདྲིར་ཐེངས་5ཡོང་སྟེ་པོའར་ཏེ་གྲོང་ཁྱེར་དང་བོད་རིགས་ས་ཁུལ་དབར་གྱི་སྤེལ་རེས་དང་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་གཏོང་མྱོང་ཡོད།
        འདི་ལོ་ལོ་20ལ་སོན་པའི་ལྷ་མཛེས་དབང་མོ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཟུར་བརྒྱད་ཁང་ཤང་འོད་ལྡན་གྲོང་ཚོའི་བོད་རིགས་བུ་མོ་ཞིག་རེད། 2007ལོར་ཀླད་པའི་ཐུམ་འབུའི་ནད་ཕོག་ནས་ལོང་བར་གྱུར་ཡོད།
         “ཁོང་གི་མིག་ལ་ལྟོས་དང་། ཆེན་པོ་གང་འདྲ་མི་འདུག་གམ། དཀའ་སྡུག་མང་པོ་འདི་འདྲ་མྱོང་དགོས་པ་ཅི་ཡིན”ཞེས་ཨོ་ནུའོ་ཁེས་གསར་འགོད་པར་ལྷ་མཛེས་དབང་མོའི་མིག་ལོང་བར་གྱུར་རྗེས་ཀྱི་འདྲ་པར་བསྟན་ནས“ངས་ནུས་ཤུགས་གང་ཡོད་བཏོན་ནས་རོགས་པ་བྱེད་ཀྱི་ཡིན། མིག་གིས་མཐོང་ཐུབ་པ་བྱེད་མ་ཐུབ་ཀྱང་ཉུང་མཐར་ཡང་ཁོང་ལ་རེ་བ་ཕྲན་བུ་ཞིག་ཅི་ནས་ཀྱང་ཡོང་ཐབས་བྱེད་ཀྱི་ཡིན”ཞེས་བརྗོད།
         སྐབས་དེར་ལྷ་མཛེས་དབང་མོའི་མིག་ལོང་བར་གྱུར་པའི་ཁར་མགོ་ལ་ན་ཟུག་ཚབས་ཆེན་གཏོང་བ་དང་བརྒྱལ་གཟེར་གྱི་ནད་སོགས་འདུས་ནད་ཕོག་སྟེ་རྟག་ཏུ་རང་ཉིད་ཀྱི“མགོ་ཆེན་པོ་ཆགས་ཀྱི་འདུག”ཅེས་བརྗོད་ཀྱི་འདུག སྨན་པས་ཁོ་མོའི་ནད་གཞི་ཚབས་ཆེན་པོ་ཡོད་ལུགས་ཐད་ཀར་བརྗོད་པ་མ་ཟད། ཐ་ན་ལོ་ཤས་ལས་འཚོ་གནས་མ་ཐུབ་པའི་སྐོར་ཡང་ཤོད་མྱོང་ཡོད།
        2012ལོར་སི་ཁྲོན་ཞིང་ཆེན་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་འབུམ་རམས་པ་ལི་ཏེའོ་དབྱིན་གྱིས་ཧྲང་ཧའེ་རུ་གཉེར་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་ཐོག་ཐག་རིང་ལུང་ཁུག་གི་བོད་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་གནས་ཚུལ་ངོ་སྤྲོད་བྱེད་སྐབས་འདྲ་པར་ནང་གི་ལྷ་མཛེས་དབང་མོར་ཨོ་ནུའོ་ཁེས་དོ་སྣང་བྱུང་ཡོད།
         ལི་ཏེའོ་དབྱིན་གྱིས་ལོ་མང་རིང་དཔལ་འབྱོར་གོང་འཕེལ་བྱུང་བ་དང་བསྟུན་བོད་རིགས་ས་ཁུལ་གྱི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད། འོན་ཀྱང་ཐག་རིང་ལུང་ཁུག་ས་ཁུལ་དུ་འཕྲོད་བསྟེན་ཆ་རྐྱེན་ལ་ཚད་བཀག་ཡོད་རྐྱེན་ཀླད་པའི་ཐུམ་འབུའི་ནད་དེ་མི་ཁྱུ་ཉུང་ཤས་ལ་ཕོག་པའི་ཉེན་ཁ་སྔར་བཞིན་ཚབས་ཆེན་ཡོད་སྟེ་ཁྱིམ་ཚང་ཁག་གཅིག་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོར་བསྐྱར་ལོག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         བུ་མོ་དེར་སྟབས་མ་ལེགས་པར་ནད་གཞི་ཕོག་པ་ཤེས་རྗེས་ཨོ་ནུའོ་ཁེས“པོའར་ཏེ་དང་ལྷ་སའི་དབར་གྱི་མཛའ་གྲོགས་གྲོང་ཁྱེར་རྣམ་གྲངས”བརྒྱུད་དེ་ཁོང་ལ་གང་སར་སྨན་བཅོས་རོགས་རམ་བྱས་ཡོད་པ་རེད།
         “སྨན་བཅོས་བྱེད་པར་བསྐྱོད་རིང་ངས་ལྷ་མཛེས་དབང་མོ་ཡུན་ནན་ས་དམ་གྱི་སྨན་ཁང་ཞིག་ཏུ་ཁྲིད་ནས་དབང་རྩའི་ཕྱི་བཅོས་ཚན་ཁག་གི་རིགས་གཅིག་མཁས་ཅན་ཞིག་ལ་སྨན་བཅོས་བྱེད་རོགས་ཞུས་པ་ཡིན། སྐབས་དེ་དུས་ཁོང་གནམ་གྲུར་སྡོད་ཐེངས་དང་པོ་ཡིན་ལ་ཁོང་རང་ཉིད་ཀྱི་རྡོག་ཆས་འཁྱེར་ནས་ངོ་མཚར་ཆེ་བའི་ཚོར་སྣང་ཉམས་སུ་མྱོང་ཐེངས་ཀྱང་དང་པོ་ཡིན། གནམ་གྲུ་བབས་སྐབས་འཁོར་ལོ་ས་ལ་རེག་པའི་འཁྱོམ་གྱིས་ཁོང་དགོད་ཤོར་སོང”ཞེས་ཨོ་ནུའོ་ཁེས་དྲན་གསོ་བྱས་ནས་བརྗོད།
         2013ལོའི་ཟླ་9པར་ལྷ་མཛེས་དབང་མོ་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་དུ་ཀླད་པར་གཤགས་བཅོས་བྱས་པ་རེད།
        ཕྱིས་སུ་ལྷ་མཛེས་དབང་མོའི་ནད་གཞི་དྲག་སྐྱེད་ཕྲན་བུ་བྱུང་ཡོད། མ་གཞི་ལོང་བར་གྱུར་ཡང་ནད་རྟགས་གཞན་རྣམས་དྲག་སྐྱེད་བྱུང་ནས་སྲོག་ཉེན་ལས་ཐར་ཡོད།

    “ད་ཆ་ངས་གཟའ་འཁོར་ཚང་མར་ལྷ་མཛེས་དབང་མོ་དང་ལག་ཐོགས་ཁ་པར་བརྒྱུད་དེ་གླེང་མོལ་བྱེད་ཀྱི་ཡོད”ཅེས་ཨོ་ནུའོ་ཁེས་བརྗོད། དུས་ཡུན་རིང་པོ་འབྲེལ་བ་བྱས་རྐྱེན་ཁོང་གཉིས་པོའི་དབར་བརྩེ་སེམས་ཀྱི་ལས་འབྲེལ་བྱུང་ནས་ཨོ་ནུའོ་ཁེས་ལྷ་མཛེས་དབང་མོ“བུ་ཚབ”ཏུ་ཉར་ཏེ“པོའར་ཏེ་དང་ལྷ་སའི་དབར་གྱི་མཛའ་གྲོགས་གྲོང་ཁྱེར་རྣམ་གྲངས”ཀྱིས་ལྷ་མཛེས་དབང་མོའི་སྨན་བཅོས་དང་བརྟག་དཔྱད་ཀྱི་སྨན་རིན་དུས་ཡུན་རིང་པོ་སྤྲད་ཡོད། ཨོ་ནུའོ་ཁེས་འདི་ཟླའི་ཟླ་དཀྱིལ་དུ་ང་སླར་ཡང་ཀྲུང་གོར་ཡོང་ནས་ལྷ་མཛེས་དབང་མོ་དང་ཐུག་འཕྲད་བྱེད་པ་ཕུད་གཙོ་བོ“པོའར་ཏེ་དང་ལྷ་སའི་དབར་གྱི་མཛའ་གྲོགས་གྲོང་ཁྱེར་རྣམ་གྲངས”ཀྱི་མིག་སྔའི་རོགས་སྐྱོར་རྣམ་གྲངས་ཤིག་དོན་འཁྱོལ་བྱ་རྒྱུ་ཡིན་པ་ནི་སི་ཁྲོན་གྱི་ཐག་རིང་ལུང་ཁུག་གི་བོད་རིགས་ས་ཁུལ་གྱི་སློབ་མ་45ལ་ཀླད་པའི་ཐུམ་འབུའི་ནད་བརྟག་དཔྱད་ཐད་རོགས་རམ་བྱ་རྒྱུ་དེ་རེད་ཅེས་བརྗོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཧྲན་དང་ཀྲང་ཁྲའོ་ཆུན་གྱིས།
      

    ཕྱོགས་བསྡུས་གསར་འགྱུར།