འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཝང་པིང་ཡུས་ཀྱིས་ཀྲུང་གོའི་འཁྱགས་ལྟིར་རུ་ཁག་གི་སྣེ་ཁྲིད་དེ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་
    ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་མཇུག་འགྲིལ་རྗེས་ལུས་རྩལ་པ་རྒན་གྲས་ཝང་པིང་ཡུས་དང་། ཀྲོའུ་ཡན། རུ་མི་ལིའུ་ཅིན་ལི། མ་ཅིང་དབྱི་བཅས་ལས་གྲུབ་པའི་རྒྱལ་ཁབ་ཀྱི་བུད་མེད་འཁྱགས་ལྟིར་རུ་ཁག་ལ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ལ་ཞུགས་ཆོག་པའི་གོ་སྐབས་ཐོབ་པ་རེད།
          ཀྲུང་གོའི་ནུབ་བྱང་དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་སྟོད་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་འཁྱགས་ཤུད་གློད་སར་འདེམས་སྒྲུག་འགྲན་བསྡུར་གཉེར་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་བུད་མེད་འཁྱགས་ལྟིར་རུ་ཁག་གི་རྩལ་སློབ་དགེ་རྒན་གཙོ་བོ་ཐན་ཝུའེ་ཏུང་གིས་ཟླ་10ཚེས་9ནས་ཚེས་14ཉིན་བར། རྒྱལ་ཁབ་བུད་མེད་འཁྱགས་ལྟིར་རུ་ཁག་གི་ཚོགས་ཆུང་དང་པོ་དང་གཉིས་པའི་རུ་མི་དང་དེ་བཞིན་རྩལ་སློབ་དགེ་རྒན་ཚོགས་པ་སྟོད་པ་རྟེན་གཞིར་འབྱོར་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་འཁྱགས་ལྟིར་ལེགས་སྐྱེས་འགྲན་བསྡུར་གྱི་འདེམས་སྒྲུག་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་དང་རྒྱལ་ཁ་ཐོབ་མཁན་རུ་ཁག་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ལ་ཞུགས་རྒྱུ་དང་ཕམ་མཁན་འདི་ལོའི་ཟླ་11པར་ཨོ་སི་ཁྲུ་ལི་ཡར་སྤེལ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་འཁྱགས་ལྟིར་ལེགས་སྐྱེས་འགྲན་བསྡུར་ལ་ཞུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         “ད་ཐེངས་ཀྱི་འདེམས་སྒྲུག་འགྲན་བསྡུར་ནང་ཁྱོན་འགྲན་བསྡུར་7ཡོད་པ་དང་2ཁ་ན་ཏར་བཀོད་སྒྲིག་བྱས་པ་དང་རྒྱལ་ནང་གི་སྟོད་པ་རྟེན་གཞིར་5བཀོད་སྒྲིག་བྱས་ཡོད། ད་དུང་འགྲན་བསྡུར་7ནས་4ཐོབ་ན་དེ་ལས་རྒྱལ་ཁ་ཐོབ་པའི་ལམ་ལུགས་ཀྱི་སྒྲིག་སྲོལ་སྤྱད་ཡོད་པ་རེད། ང་ཚོས་རྣམ་པ་དེ་འདྲ་ཞིག་གི་ཐོག་ནས་འདེམས་ཐོན་པ་ཚོའི་ངར་ཤུགས་འཕེལ་བ་བྱས་ཏེ་ཕན་ཚུན་རྩལ་འགྲན་བརྒྱུད། སེམས་ཁམས་ཡག་པོ་ཞིག་འཁྱེར་ནས་རྗེས་མའི་འགྲན་བསྡུར་ཁག་ལ་ཞུགས་རྒྱུའི་རེ་བ་ཡོད”ཅེས་ཐན་ཝུའེ་ཏུང་གིས་བཤད།
         རུ་མི་ཚོ་སྟོད་པའི་རྟེན་གཞིར་འབྱོར་རྗེས། འགྲན་བསྡུར་ཁག་3ལ་ཞུགས་མཐར་ཀྲུང་གོའི་བུད་མེད་འཁྱགས་ལྟིར་རུ་ཁག་གི་རུ་མི་རྩེ་གྲ་ཝང་པིང་ཡུས་ཀྱིས་སྣེ་ཁྲིད་པའི་ཚོགས་ཆུང་དང་པོ་2བསྡུར་1གི་གྲུབ་འབྲས་ཐོག་ནས་ཅང་དབྱི་ལུན་དང་། ཅང་ཤིན་ཏི། ཡའོ་མིང་གཡོད། ཡན་ཧུའེ་བཅས་ལས་གྲུབ་པའི་འཁྱགས་ལྟིར་ཚོགས་ཆུང་གཉིས་པ་ལས་རྣམ་པར་རྒྱལ། མི་རིང་བའི་གོང་གཉེར་བའི་རྒྱལ་ཕྱིའི་འདེམས་སྒྲུག་འགྲན་བསྡུར་ནང་བུད་མེད་ཚོགས་ཆུང་དང་པོ་2བསྡུར་0གྱི་གྲུབ་འབྲས་ཐོག་ནས་ཚོགས་ཆུང་གཉིས་པ་ལས་རྣམ་པར་རྒྱལ། མཐར་ཚོགས་ཆུང་དང་པོ་4བསྡུར་1གི་སྤྱིའི་གྲུབ་འབྲས་ཐོག་ནས་ཚོགས་ཆུང་གཉིས་པ་ལས་རྣམ་པར་རྒྱལ་བ་རེད།
          “སྟོད་པ་རྟེན་གཞིའི་སྒྲིག་ཆས་ཆ་རྐྱེན་ཧ་ཅང་ལེགས་པོ་འདུག དེར་རྒྱལ་ནང་གི་འཁྱགས་ཤུད་གློད་ས་རྩེ་གྲ་ཡོད་པ་ཕུད། ད་དུང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡང་ཡག་པོ་འདུག ང་ཚོས་སྟོད་པར་སྦྱོང་བརྡར་བྱེད་པ་དང་འགྲན་བསྡུར་ལ་ཞུགས་པའི་ཉམས་ལེན་ཚང་མ་ཧ་ཅང་ཡག་པོ་བྱུང་སོང་”ཞེས་ཝང་པིང་ཡུས་ཀྱིས་དེ་གོང་གི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
         ཟླ་འདིའི་ཚེས་18ཉིན་འཁྱགས་ལྟིར་རུ་ཁག་གི་ཚོགས་ཆུང་དང་པོ་སྟོད་པ་ནས་ཁ་ན་ཏར་བསྐྱོད་དེ་འགྲན་བསྡུར་གོང་གི་སྦྱོང་བརྡར་བྱས་པ་དང་ཚོགས་ཆུང་གཉིས་པའི་རུ་མིས་ཚེས་25ཉིན་སྟོད་པའི་རྟེན་གཞི་ནས་ཐོན་ཏེ་རེས་སྐོར་རྗེས་མའི་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།
          སྟོད་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་རྟེན་གཞི་ས་བབ་སྨི་2338ཀྱི་མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་དུ་གནས་ཤིང་། དེ་ནི་ཀྲུང་གོའི་ས་བབ་མཐོ་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། སྙུགས་ཤེད་རྣམ་གྲངས་སྦྱོང་བརྡར་ལ་འཚམ་ཤོས་བཅས་ཀྱི་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཞིག་རེད། 2016ལོའི་ཟླ་12ཚེས་11ཉིན་ནས་ཚེས་17ཉིན་བར་རྟེན་གཞི་དེར་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་འཁྱགས་ལྟིར་གདན་ཞུས་འགྲན་བསྡུར་དང་པོ་གཉེར་མྱོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།