འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཕེ་རུ་བས་མཚོ་སྔོན་དུ་ཞོག་ཁོག་བཏབ་པ་ལས་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཕེ་རུ་བ་ཝེ་ཁེ་ཏུའོ·ཨའོ་ཐ་སུའུ་ཡིས་ཀྲུང་གོར་ཟླ་བ་གཉིས་རིང་ལས་དོན་འཚམས་འདྲི་བྱས་རྗེས་རང་གི་རྒྱལ་ཁབ་ཏུ་ལོག་རྩིས་བྱེད་བཞིན་ཡོད། དེ་སྔོན་དང་མི་འདྲ་བ་ནི་ད་ཐེངས་ཨའོ་ཐ་སུའུ་ཡི་ལམ་ཆས་ནང་མི་རིང་བའི་གོང་ཁོང་ལ་ཐོབ་པའི་2017ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའི་རྟགས་མ་བླུགས་ཡོད་པ་དེ་རེད།
         འདས་ཟིན་པའི་ལོ་བཅུའི་རིང་། ཞོག་ཁོག་གི་རིགས་གཅིག་མཁས་ཅན་ཨའོ་ཐ་སུའུ་ཀྲུང་གོར་ཐེངས་ལྔ་ཙམ་ཕེབས་མྱོང་ཡོད། ཁོང་གིས་མཚོ་སྔོན་ཞིང་ཆེན་ཞིང་ནགས་ཚན་རིག་སློབ་གླིང་ལ་རམ་འདེགས་བྱས་ནས། “མཚོ་སྔོན་གྱི་ཞོག་ཁོག་ཨང་དགུ་པ”སོགས་ཀྱི་སྣེ་ཁ་གསར་པ་འདེབས་གསོ་བྱས་པས། ཞོག་ཁོག་འདེབས་འཛུགས་དུད་ཚང་ལ་དཔལ་འབྱོར་གྱི་ཕན་འབྲས་མི་དམན་པ་ཞིག་ཐོབ་ཡོད།
         ཕེ་རུ་ནི་གོ་ལ་ཧྲིལ་པོའི་ཞོག་ཁོག་ཐོན་ཡུལ་ཐོག་མའི་གྲས་ཤིག་ཡིན་པ་དང་། དེའི་རྒྱལ་སྤྱིའི་ཞོག་ཁོག་ལྟེ་གནས་ལ་འཛམ་གླིང་ཐོག་གི་འཐུས་སྒོ་ཚང་ཤོས་ཀྱི་ཞོག་ཁོག་གི་གཞི་རྒྱུའི་མཛོད་དུ་གྲགས། དེ་སྔ་ཨའོ་ཐ་སུའུ་ཡིས་དེ་གར་ལོ་30ཙམ་ལས་ཀ་བྱས་ནས་བཞུགས། 2004ལོར་ལྟེ་གནས་དེའི་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་གི་འགན་འཁུར་མཁན་ཨའོ་ཐ་སུའུ་ཡིས་རྒྱང་རིང་གི་མགྲོན་པོ་སྟེ། མཚོ་སྔོན་ཞིང་ཆེན་ཞིང་ནགས་ཚན་རིག་སློབ་གླིང་གི་འཐུས་མི་ཚོགས་པ་ཁག་གཅིག་ལ་སྣེ་ལེན་ཞུས།
         ལོ་གཅིག་སོང་རྗེས་ཨའོ་ཐ་སུའུ་ཡིས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་གདན་ཞུས་ལྟར་ཀྲུང་གོར་ཕེབས་ནས། ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱི་ཞོག་ཁོག་འདེབས་གསོ་དང་དེ་བཞིན་ནད་དང་གནོད་འབུ་འགོག་བཅོས་སོགས་ཕྱོགས་མང་མཉམ་ལས་བྱེད་འགོ་ཚུགས། 2006ལོར་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་འབྲས་བུར“མཚོ་སྔོན་གྱི་ཞོག་ཁོག་ཨང་དགུ་པ”མི་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ནས་ཀྲུང་གོའི་ནུབ་བྱང་དང་ཐ་ན་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བའི་ཐན་འགོག་ནད་འགོག་གི་ཐོན་རྫས་སྤུས་རྟགས་སུ་གྱུར།
         “ཞོག་ཁོག་ཐོན་གསར་པ་དེར་མུའུ་རེ་ནས་ཡོང་འབབ་སྒོར་300ནས་400བར་བྱུང་བས། ཞིང་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད”ཅེས་དང་། 2016ལོའི་ལོ་མཇུག་ཏུ་སྣེ་ཁ་དེའི་འདེབས་ཁྱོན་མུའུ་ཁྲི་1616ཟིན་ནས་ཞིང་པར་ཁེ་གཙང་ཡོང་འབབ་སྒོར་དུང་ཕྱུར་28བྱུང་ཡོད”ཅེས“ཞིང་ལས་པུའུ་དེང་རབས་ཞོག་ཁོག་ཐོན་ལས་ལག་རྩལ་མ་ལག་ས་བོན་འདེབས་གསོ་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཅན་གྱིས་བཤད།
        ཨའོ་ཐ་སུའུ་ཡི་རོགས་རམ་འོག་མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་ཕེ་རུ་རྒྱལ་སྤྱིའི་ཞོག་ཁོག་ལྟེ་གནས་ནས་ཞོག་ཁོག་གི་ཐོན་ཁུངས་232ནང་འདྲེན་བྱས་པས་རྒྱུད་འདྲེས་སྡེབ་སྦྱོར་འདེབས་གསོའི་ལས་དོན་གྱི་ཕན་འབྲས་ལོ་བཅུའི་གོང་ལས་ལྡབ་གསུམ་ཙམ་འཕར་ཡོད། མི་ཐབས་ལ་བརྟེན་ནས་ཞོག་ཁོག་སྡེབ་སྦྱོར་བྱ་རྒྱུ་དེ་ཞིང་ནང་ནས་འགྱིག་ཤོག་དྲོད་ཁང་དུ་བསྒྱུར་བས་རྒྱུད་འདྲེས་སྡེབ་སྦྱོར་ཚོགས་པའི་ཆ་སྙོམས་རྡོག་པོ་ཆགས་ཚད་15%ནས་50%བར་འཕར་བ་སོགས་རེད།
         ཞོག་ཁོག་ནི་ཕེ་རུ་བའི་འཚོ་བའི་ནང་མེད་དུ་མི་རུང་བའི་བཟའ་བཅའ་གཙོ་བོའི་གྲས་ཤིག་རེད། ཐོག་མར་ཀྲུང་གོར་ཡོང་སྐབས་ཨའོ་ཐ་སུའུ་ལ་ཞོག་ཨེ་ཡོད་སྙམ་པ་བྱུང་།
         ཁོ་པའི་དྲན་ཡུལ་དུ་གསལ་ལེར་འཆར་བ་སྟེ། དགའ་བསུའི་སྟོན་མོར་ཁོང་གིས་གསོལ་ལྕོག་སྟེང་དུ་བཤམས་པའི་ཚལ་སྣ་ཚང་མར་བལྟས་ཀྱང་ཞོག་ཁོག་རྡོག་བཙོས་སམ་ཡང་ན་ཞོག་བཀྲག་གཅིག་ཀྱང་མ་མཐོང་། ཐ་ན་ཀྲུང་གོ་བས་ཞོག་ཁོག་ཟ་གི་མེད་དམ་སྙམ། ཁོང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་སྐབས་ཀྲུང་གོའི་རིགས་གཅིག་མཁས་ཅན་ཞིག་གིས་ཞོག་སིལ་སོར་སྔོན་གྱི་སྡེར་མ་ཞིག་ལ་མཛུབ་མོ་འཛུགས་བཞིན“ཚལ་འདི་ནི་ཞོག་ཁོག་ལས་བཟོས་པ་རེད”ཅེས་བརྗོད་སྐབས། ཨའོ་ཐ་སུའུ་གཞི་ནས་རྨོངས་གཉིད་ལས་བསད་པ་ལྟར་གྱུར། ཁོང་གིས་ཀྲུང་གོར་ཞོག་ཁོག་གི་ཚལ་འདི་འདྲ་བཟོ་གི་ཡོད་པ་བསམ་ཡུལ་ལས་འདས། འཕྲལ་མར་ཁོང་ཀྲུང་གོའི་ཞོག་ཁོག་གི་ཚལ་བཟོ་སྟངས་ལ་དགའ་བར་གྱུར། ཁོང་གིས“རྟག་ཏུ་ཞོག་ཁོག་གི་ཚལ་རིགས་ཡོད་ཚེ་ངས་ཟ་རྐྱང་བྱེད་ཀྱི་ཡོད”ཅེས་གསུངས།
         ཀྲུང་གོ་དང་ལོ་བཅུ་གྲངས་འབྲེལ་འདྲིས་ཡོད་སྟབས་ཨའོ་ཐ་སུའུ་ཡིས་རང་ཉིད་ནི་མཚོ་སྔོན་གྱི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་ཀྱི“བདེན་དཔང་བ”ཡིན་སྙམ་བྱེད་པ་དང་། ཁོང་གིས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་འཕེལ་རྒྱས་དེ་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་ཁོ་ན་ལས་མངོན་པ་ཙམ་མ་ཡིན་པར་ད་དུང་དྲོད་ཁང་དང་ཚོད་ལྟ་ཁང་སོགས་མཁྲེགས་ཆས་དང་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ནས་ཀྱང་མངོན་ཐུབ་པའི་ངོས་འཛིན་གནང་གི་ཡོད།
        ཨའོ་ཐ་སུའུ་ཡིས་མཚོ་བོད་ས་མཐོའི་ས་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་ཨན་ཏི་སི་རི་ཁུལ་དང་ཧ་ཅང་འདྲ་པོ་ཡོད་པས། སྐྱེ་ལྡན་ཞིང་ལས་ལ་འཚམ་པོ་ཡོད་པའི་ངོས་འཛིན་གནང་གི་ཡོད།
         “གལ་སྲིད་ངའི་འབྲེལ་ཡོད་གྲོས་འགོ་དང་ལེན་ཐུབ་ཚེ་ཕྱི་ལོ་ང་སླར་ཡང་ཡོང་གི་ཡིན”ཞེས་ད་ཐེངས་ཕེ་རུར་མ་ལོག་གོང་ཨའོ་ཐ་སུའུ་ཡིས་རྗེས་མ་ཀྲུང་གོར་རྟོག་ཞིབ་ལ་ཕེབས་རྒྱུའི་འཆར་གཞི་བཀོད་ཟིན་ཞིང་། ཁོང་གིས“ངས་རྒྱ་སྐད་ཏོག་ཙམ་ཤེས་པ་བྱས་ནས་ཀྲུང་གོར་འཚོ་བ་ཡག་པོ་སྐྱེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།