འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་བར་གྱི་འབྲེལ་བའི་སྐོར་འབྲེལ་
    གཏུག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ནས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། ཉེ་སྔོན་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མ་ཕྱོགས་གཉིས་ཀྱིས་ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཁུང་ཞོན་ཡིའུ་དང་ཁོ་རེ་ཡ་ལྷོ་མའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཁང་གི་འགོ་འཛིན་གཞོན་པ་གཉིས་པ་ནན་ཀོན་ཧྲའོ་བར་གྱི་འབྲེལ་ལམ་སོགས་ལ་བརྟེན་ནས་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་གྱི་གནད་དོན་སོགས་ཀྱི་སྐོར་ཕྱི་འབྲེལ་སྡེ་ཁག་བར་གྱི་འབྲེལ་གཏུག་བྱས་པ་རེད།
         ཕྱོགས་གཉིས་ཀྱིས་ཁོ་རེ་ཡ་གླིང་ཕྲན་དུ་ཉིང་མཚོན་མེད་པ་བྱེད་རྒྱུ་དང་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གྱི་གནད་དོན་ཞི་བས་ཐག་གཅོད་བྱེད་རྒྱུའི་རྩ་དོན་དངོས་སུ་ཁས་ལེན་ཡང་བསྐྱར་ཐེངས་ཤིག་བྱས་པ་དང་། མུ་མཐུད་དེ་ཕྱི་འབྲེལ་གྱི་བྱ་ཐབས་ཡོད་ཚད་ལ་བརྟེན་ནས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུ་བསྐྱར་བསྒྲགས་བྱས་པ་རེད། ཕྱོགས་གཉིས་ཀས་དོན་དེའི་ཆེད་དུ་འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད།
         ཁོ་རེ་ཡ་ལྷོ་མའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས“སཱ་ཏེ”ཡི་གནད་དོན་ཐད་ལ་འཛིན་པའི་ལངས་ཕྱོགས་དང་དོ་ཁུར་བྱས་ཚུལ་ངོས་ཟིན་པ་དང་། ཁོ་རེ་ཡ་ལྷོ་མར་བཀོད་སྒྲིག་བྱས་པའི“སཱ་ཏེ”མ་ལག་ནི་དེ་ཉིད་ཀྱི་མ་གཞིའི་བཀོད་སྒྲིག་བྱེད་རྒྱུའི་དམིགས་ཡུལ་ལ་གཞིགས་ཏེ་རྒྱལ་ཁབ་གསུམ་པ་དམིགས་ས་མི་བྱེད་པ་སྟེ་ཀྲུང་གོའི་ཕྱོགས་ཀྱི་འཐབ་ཇུས་ཀྱི་བདེ་འཇགས་དང་ཁེ་ཕན་ལ་མི་གནོད་པར་བྱེད་རྒྱུ་གསལ་པོར་བསྟན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུའི་ལངས་ཕྱོགས་གཞིར་བཟུང་སྟེ་ཁོ་རེ་ཡ་ལྷོ་མར“སཱ་ཏེ”མ་ལག་བཀོད་སྒྲིག་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་དང་དུས་མཚུངས་སུ་ཀྲུང་གོའི་ཕྱོགས་ཀྱིས་ཁོ་རེ་ཡ་ལྷོ་མའི་ཕྱོགས་ཀྱིས་གསལ་པོར་བསྟན་པའི་ལངས་ཕྱོགས་ལ་ཡིད་འཇོག་བྱས་ཏེ་ཁོ་རེ་ཡ་ལྷོ་མའི་ཕྱོགས་ལ་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་འོས་འཚམས་བྱེད་དགོས་པའི་རེ་བ་བཏོན་པ་རེད། ཕྱོགས་གཉིས་ཀས་དམག་དཔུང་གཉིས་ཀྱི་ཐབས་ལམ་ལ་བརྟེན་ནས་ཀྲུང་གོའི་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི“སཱ་ཏེ”སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་འབྲེལ་གཏུག་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།
         ཀྲུང་གོའི་ཕྱོགས་ཀྱིས་འཕུར་མདའ་འགོག་བྱེད་མ་ལག་འཛུགས་པ་དང་། “སཱ་ཏེ”བཀོད་སྒྲིག་གསབ་སྣོན་བྱེད་པ། ཁོ་རེ་ཡ་ལྷོ་མ་དང་ཨ་རི་ལྗར་པན་གསུམ་དམག་དོན་མཉམ་ལས་བྱེད་པ་སོགས་ཀྱི་ཐད་ལ་ཀྲུང་གོའི་སྲིད་གཞུང་གིས་འཛིན་པའི་ལངས་ཕྱོགས་དང་དོ་ཁུར་བྱེད་ཚུལ་གསལ་བཤད་བྱས་ཤིང་། ཁོ་རེ་ཡ་ལྷོ་མའི་ཕྱོགས་ཀྱིས་ཁོ་རེ་ཡ་ལྷོ་མའི་སྲིད་གཞུང་གིས་དེའི་སྔོན་ལ་མངོན་གསལ་དུ་ཞིབ་པར་བཤད་པའི་ལངས་ཕྱོགས་གསལ་སྟོན་ཡང་བསྐྱར་ཐེངས་ཤིག་བྱས་པ་རེད།
         ཕྱོགས་གཉིས་ཀས་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཕྱོགས་གཉིས་ཀའི་ཐུན་མོང་ཡིག་ཆའི་སྙིང་དོན་ལ་གཞིགས་ཏེ་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་བར་གྱི་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་པ་རེད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་བར་སྤེལ་རེས་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པས། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱུན་ལྡན་ལྟར་འཕེལ་རྒྱས་འགྲོ་བའི་སྲོལ་ལམ་དུ་སྔ་ཙམ་ལོག་པར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།