འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བོད་པའི་སྲོལ་རྒྱུན་རྐོས་དཀྲོལ་སྲོལ་རྒྱུན་ཤུལ་འཛིན་པའི་མི་ཚོགས་ཁྱབ་སྤེལ་
    གསོ་སྐྱོང་འཛིན་གྲྭ་ཐོག་མ་སློབ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན་གྱི་སྔ་དྲོར། ལས་རིགས་མི་འདྲ་བའི་བོད་ལྗོངས་ཀྱི་རིམ་ཁག་ཚབ་མཚོན་ལྡན་པའི་ཤུལ་འཛིན་པ་དང་སྐུ་འདྲ་བཞེངས་མཁན་མཁས་དབང་བཅས་མི་23བོད་ལྗོངས་ཀྱི་བོད་པའི་སྲོལ་རྒྱུན་རྐོས་དཀྲོལ་སྲོལ་རྒྱུན་ཤུལ་འཛིན་པའི་མི་ཚོགས་ཁྱབ་སྤེལ་གསོ་སྐྱོང་འཛིན་གྲྭ་ཐོག་མའི་སློབ་མར་གྱུར་པ་རེད། སློབ་མ་ཁག་འདི་དག་གིས་རིག་གནས་པུའུ་དང་། སློབ་གསོ་པུའུ་ཡིས་དམིགས་འཛུགས་བྱས་པའི་ཞིབ་འཇུག་གསོ་སྐྱོང་མཐོ་རིམ་སློབ་ཆེན་ཏེ། བོད་ལྗོངས་སློབ་ཆེན་དུ་ཟླ་གཅིག་གི་རིང་དངོས་མིན་རིག་གནས་ཤེས་བྱ་ཁྱབ་སྤེལ་དང་། བོད་རིགས་ཀྱི་རྐོས་རྩལ་ལོ་རྒྱུས་གསོ་སྐྱོང་སྦྱོང་བརྡར། རྐོས་རྩལ་མི་འདྲ་བའི་བར་ལ་སྤེལ་རེས་དང་ལག་ལེན་གྱི་མྱོང་བར་གཟིགས་ཞིབ་སོགས་ཚུད་པའི་གསོ་སྐྱོང་བྱེད་རྒྱུ་ཡིན་པ་རེད། འདི་ནི་ན་ནིང་ནས་བཟུང་སྟེ། བོད་ལྗོངས་རིག་གནས་པུའུ་ཡིས་གཉེར་བའི་དངོས་མིན་རིག་གནས་ཤུལ་བཞག་ཤུལ་འཛིན་མི་ཚོགས་ཁྱབ་སྤེལ་གསོ་སྐྱོང་འཛིན་གྲྭ་སྐབས་བཞི་པ་ཡིན་པ་རེད། 
         ད་ལོ་རང་ལོ་51ལ་སོན་པའི་ཐུབ་བསྟན་ལགས་ནི་ལྷོ་ཁ་གོང་དཀར་རྫོང་ནས་ཡིན་པ་དང་། བོད་ལྗོངས་ཀྱི་བོད་པའི་སྲོལ་རྒྱུན་རྐོས་དཀྲོལ་སྲོལ་རྒྱུན་ཤུལ་འཛིན་པའི་མི་ཚོགས་ཁྱབ་སྤེལ་གསོ་སྐྱོང་འཛིན་གྲྭའི་སློབ་མ་ཐོག་མ་ཡིན་ཞིང་། ཁོང་ནི་བོད་རང་སྐྱོང་ལྗོངས་རིམ་པའི་སྐུ་འདྲ་བཞེངས་མཁན་མཁས་དབང་ཡིན་པ་དང་། ལྷོ་ཁ་གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ཤུལ་འཛིན་པ་བཅས་ཀྱི་གོ་གནས་བཞེས་ཤིང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་དུ་ཤིང་ཆས་རྐོ་རྩལ་བཟོ་གྲྭ་ཞིག་ཀྱང་བཙུགས་ཡོད་པ་རེད། ཐུབ་བསྟན་ལགས་ཀྱིས། “ཕྲན་ནི་བཟོ་རྩལ་པ་ཞིག་ཡིན། འོན་ཀྱང་སློབ་གྲྭ་དེ་ཙམ་འགྲིམས་མྱོང་མེད། ད་རེས་སློབ་ཆེན་དང་ཆེད་མཁས་སློབ་དཔོན་ཆེན་མོའི་སློབ་ཚན་ཉན་ཁོམ་བྱུང་བ་མ་ཟད། འདི་ནི་སྲོལ་རྒྱུན་ཤུལ་འཛིན་པའི་མི་ཚོགས་ཁྱབ་སྤེལ་གསོ་སྐྱོང་འཛིན་གྲྭར་དམིགས་པ་ཡིན་སྟབས། ཕྲན་ལ་གཟི་བསོད་ལྡན་པའི་ཚོར་བ་བྱུང་། ད་རེས་ཀྱི་གསོ་སྐྱོང་ལ་བརྟེན་ནས། བཟོ་རྩལ་འཕེལ་བ་དང་། སྤེལ་རེས་བྱེད་ཤུགས་ཆེ་རུ་འགྲོ་བ། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གལ་ཆེ་བའི་ཤེས་ཚོར་ཇེ་ཆེར་འགྲོ་བཞིན་འདུག་ལ། དུས་མཚུངས་སུ། ང་ཚོའི་རྐོ་རྩལ་བཟོ་གྲྭ་འཕེལ་རྒྱས་ཡོང་བར་ཡང་ཕན་ཐོགས་ཡོང་རེ་བྱེད་བཞིན་ཡོད”ཅེས་ཟེར། 
      བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་གི་འགོ་འཛིན་བློ་བཟང་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་དོན་དུ། གསོ་སྐྱོང་བྱས་པའི་མི་ཚོགས་ཀྱི་གནས་ཚུལ་དངོས་དང་བཅར་འདྲི་བྱས་པའི་སློབ་མའི་བསམ་ཆར་དང་གྲོས་འགོ་བཏོན་པར་གཞིགས་ན། དེ་རེས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་གཙོ་བོ་ནི་རིག་གཞུང་གསལ་འགྲེལ་དང་། གསར་རྩམ་གྱི་ལག་ལེན་སྤེལ་རེས། ཆེད་དོན་འཆད་ཁྲིད། གཟིགས་སྐོར་རྟོག་ཞིབ་སོགས་ཡིན་པ་རེད། བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་གིས་སློབ་ཚན་འཆད་ཁྲིད་སྐབས་དང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཤུལ་འཛིན་པའི་འཆད་ཁྲིད་དང་། སྒྱུ་རྩལ་གྱི་གཞུང་ལུགས་ཆེད་དོན་འཆད་ཁྲིད། བོད་རིགས་ཀྱི་སྲོལ་རྒྱུན་རྐོས་རྩལ་རིམ་པ་བཅས་ཀྱི་སློབ་ཚན་འཆད་ཁྲིད་དམིགས་སུ་བཀར་ནས་བཀོད་སྒྲིག་གནང་ཡོད་པ་རེད། སྤེལ་རེས་དངོས་བྱེད་སྐབས་སློབ་མ་རྣམས་བོད་ལྗོངས་རྟེན་རྫས་ཁང་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ། གཙུག་ལག་ཁང་སོགས་པའི་ཡུལ་དངོས་སུ་སྤེལ་རེས་དང་། རྟོག་ཞིབ་གནང་རྒྱུ་དང་། གཞན་ཡང་སློབ་མ་ཚོ་ལྷ་སའི་ཉེ་འགྲམ་དང་གཞིས་རྩེ་སོགས་པའི་ཡུལ་དངོས་སུ་རྟོག་ཞིབ་ཀྱི་བཀོད་སྒྲིག་གནང་རྒྱུ་ཡིན་པ་དང་། སློབ་མ་ཚོ་རྐོ་རྩལ་མི་འདྲ་པའི་ལག་ལེན་དངོས་ཀྱི་སྤེལ་རེས་ཀྱང་བྱེད་རྒྱུའི་བཀོད་སྒྲིག་གནང་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།