འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་ལོ་3རིང་བོད་རིགས་ས་ཁུལ་སོགས་ཀྱི་གྲོང་གསེབ་དུད་ཚང་ཁྲི་269ཡི་ས་
    ཕག་ཁང་པར་སྒྱུར་བཀོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན། སི་ཁྲོན་གྱིས་ལོ་3རིང་འབད་བརྩོན་བྱས་ཏེ་2020ལོར་སླེབས་སྐབས་སྤྱིར་ན་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དུད་ཚང་ཁྲི་269.6གི་ས་ཕག་ཁང་པ་རིགས་དབྱེའི་སྒྱུར་བཀོད་དང་བཅོས་སྒྲིག་བྱ་རྒྱུ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། ཁ་ཐོར་ངང་བསྙེན་བཀུར་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབུལ་ཕོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་བཅས་ཀྱི་ས་ཕག་ཁང་པར་སྔོན་ལ་སྒྱུར་བཀོད་བྱ་རྒྱུ་རེད།
         སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་《སི་ཁྲོན་ཞིང་ཆེན་གྱི“གྲོང་གསེབ་ཀྱི་ས་ཕག་ཁང་པར་སྒྱུར་བཀོད་བྱ་སྤྱོད”ཀྱི་ལག་བསྟར་ཇུས་གཞི་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང“བཤིག་པ་དང་། སོར་འཇོག སྒྱུར་བཀོད། འཛུགས་སྐྲུན”ལ་བརྟེན་ནས་གྲོང་གསེབ་ཀྱི་ས་ཕག་ཁང་པར་རིགས་དབྱེའི་སྒྱུར་བཀོད་གསལ་པོ་བྱ་རྒྱུ་རེད། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་པའི་ས་ཕག་ཁང་པར་སི་ཁྲོན་ཞིང་ཆེན་གྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བབ་བསྟུན་བེད་སྤྱོད་བྱ་རྒྱུ་དང་། ཉམས་གསོ་དང་བརྟན་གཏོང་ལས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་ཐུབ་པའི་ས་ཕག་ཁང་པར་སྔོན་ལ་བརྟན་གཏོང་ཉེན་སེལ་བྱ་རྒྱུ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་ལྡན་པ་དང་བརྟན་དུ་གཏོང་ཐབས་བྲལ་བའི་ཉེན་ཡོད་ས་ཕག་ཁང་པར་ལམ་སེང་བཤིགས་ནས་དགོས་མཁོ་ངོ་མར་གཞིགས་ཏེ་བསྐྱར་སྐྲུན་བྱ་རྒྱུ་ཡིན་པ་རེད།
         ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱིས་མུ་མཐུད་དབྱིས་ཁྱིམ་གྲོང་གསར་དང་། བོད་རིགས་ས་ཁུལ་གྱི་ཁང་གསར། པ་ཧྲན་ཁང་གསར། ཝུའུ་མོང་གྲོང་གསར་བཅས་ཀྱི་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ལ་སྐུལ་མ་བཏང་ནས་གྲོང་གསེབ་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་བཏང་ཡོད། འོན་ཀྱང་གྲོང་གསེབ་ཀྱི་དཔལ་འབྱོར་རྨང་གཞི་དང་། ས་བབ། འགྲིམ་འགྲུལ་ཆ་རྐྱེན་བཅས་ཀྱི་ཤུགས་རྐྱེན་ཐེབས་པས། སི་ཁྲོན་དུ་ད་དུང་གྲོང་གསེབ་ཀྱི་དུད་ཚང་ཁྲི་269.6གི་ས་ཕག་ཁང་པ་ཡོད་པ་དེ་དག་ལ་ཡོམ་འགོག་གི་བླང་བྱ་དང་མི་མཐུན་པས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གནས་ཡོད། གྲོང་གསེབ་ས་ཕག་ཁང་པ་སྒྱུར་བཀོད་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་བྱེད་ཐབས་ཤིག་རེད།
         སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐད་སི་ཁྲོན་གྱིས་ས་ཆ་སྤྱོད་རྒྱུར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཆ་སྣོན་འཕྲི་དང་ཟུང་དུ་འབྲེལ་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། གྲོང་ཁྱེར་དང་རྫོང་གི་སྲིད་གཞུང་ལ་སྐུལ་ལྕག་བཏང་ནས་འཆར་འགོད་ནང་གི་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ས་ཕག་ཁང་པ་སྒྱུར་བཀོད་ཀྱི་བུ་ལོན་ལ་སྐྱེད་ཀ་འོས་འཚམ་སྤྲོད་པ་དང་། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཞིང་དུད་ཀྱི་སྒྱུར་བཀོད་མ་གནས་དམའ་རུ་གཏོང་བ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་2018ལོ་ནས་2020ལོ་བར་གྲོང་ཁྱེར་དང་རྫོང་གི་ནོར་སྲིད་ལོ་འཁོར་གྱི་སྐྱེད་ཀའི་50%སྤྲོད་པ་གཞིགས་ནས་གྲོང་ཁྱེར་དང་རྫོང་གི་ནོར་སྲིད་ལ་ཁ་གསབ་སྤྲོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།