འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།“སྐུ་ཉིད་ཁམས་བཟང”ཞེས་པའི་རྒྱ་ཡིག་སློབ་གྲྭ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཉེ་ཆར། གྲོང་ཁྱེར་ལོན་ཏོན་གྱི་སྐུ་ཉིད་ཁམས་བཟང་རྒྱ་ཡིག་སློབ་གྲྭས་(གཤམ་དུ“ཁམས་བཟང”སློབ་གྲྭ་ཞེས་བསྡུ་རྒྱུ)ཚ་ཚ་འུར་འུར་ངང་སློབ་གྲྭ་བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུས་ཤིང་། ལོ་10རིང་། “ཁམས་བཟང”སློབ་གྲྭས་ཀྲུང་གོའི་སྐད་ཡིག་དང་རིག་གནས་ལ་དགའ་བའི་སློབ་མ་ཆིག་སྟོང་ལྷག་ཙམ་གསོ་སྐྱོང་བྱས་པ་དང་། རྒྱ་ཡིག་སློབ་སྦྱོང་བྱས་པ་ལས་ཕྲུ་གུ་མི་ཉུང་པ་ཞིག་གི་མི་ཚེ་སྔར་བས་ངོ་མཚར་ལྡན་པ་བྱུང་ཡོད་པ་རེད།
          ཉིན་ཤས་གོང་དུ་གཉེར་བའི་རྟེན་འབྲེལ་བྱེད་སྒོའི་ཐོག དགེ་སློབ་བརྒྱ་ལྷག་ཙམ་ལོན་ཏོན་ལྷོ་རྒྱུད་ཀྱི་ཁོར་སི་ཏན་དུ་ཡོད་པའི“ཁམས་བཟང”སློབ་གྲྭའི་སློབ་རའི་ནང་དུ་འཛོམས་ཤིང་། ལོ་གསུམ་གྱི་བྱིས་པ་ནས་ལོ་50ཡན་བར་གྱི་སློབ་མ་ཚང་མས་ཚོགས་རར་མཛེས་རྒྱན་སྤྲས་པ་དང་། སྤྲོ་སེམས་འཁོལ་བའི་ཁྱིམ་བདག་ཁ་ཤས་ཀྱིས་སོ་སོའི་ཁྱིམ་ནས་བཟོས་པའི་ཟས་ཞིམ་ཁྱེར་ཡོང་བ་དང་། སློབ་མ་ཚོས་བྱང་ཆུབ་པའི་རྒྱ་སྐད་ཀྱི་ཐོག་ནས་སློབ་གསེང་སྐབས་ནང་སྦྱོང་བྱས་པའི་གཏམ་བརྗོད་ཟློས་གར་དང་། གཞས་མ་གཏམ། གྱེར་འདོན་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། དགེ་སློབ་དག་གི་ཁྱིམ་བདག་ཚོས་སྒོ་ངའི་བག་ལེབ་འོས་ཚོང་བྱས་ནས་མ་དངུལ་གྲབས་གསོག་གིས་པར་སྐྲུན་བྱས་པའི་《སློབ་གསོ·འཚོ་བ་》ཞེས་པའི་ལོ་བཅུའི་དྲན་གསོའི་སློབ་གྲྭའི་དུས་དེབ་2000ལྷག་ཙམ་ཚོགས་རའི་ནང་དུ་བཤམས་ནས་སྐུ་མགྲོན་ཚོར་གཟིགས་སུ་བཅུག་པ་རེད།
          དགེ་རྒན་ཁ་ཤས་ཀྱིས་དེ་གར་རྒྱ་ཡིག་ཁྲིད་དེ་ལོ་10ཕྱིན་ཅིང་། བུད་མེད་དགེ་རྒན་ཞིག་གིས་ཕྲུ་གུ་མ་སྐྱེས་གོང་གི་སྔ་ཉིན་དུའང་ད་དུང་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད། སློབ་མ་ཁ་ཤས་ཀྱིས་ཀྱང་ཕལ་ཆེར་ལོ་10ཙམ་སློབ་སྦྱོང་བྱས་པ་དང་། ད་ཆ་རང་གི་གཅུང་པོ་གཅུང་མོ་ཚོ་དང་སློབ་གྲོགས་ཆགས་ཡོད་པ་རེད། སློབ་གྲྭ་དང་བར་ཐག་ཅུང་རིང་སར་བསྡད་པའི་ཁྱིམ་བདག་གཅིག་གིས་གཟའ་མཇུག་ཚང་མར་གྲོགས་པོའི་ཁྱིམ་དུ་གནས་ཚང་གཡར་ནས་རང་གི་བུ་ཕྲུག་དྲུག་པོ་དེ་གར་སྐྱེལ་གྱི་ཡོད་པ་རེད།
         “དགའ་ཞེན་ཆེ་བས་མཐའ་འཁྱོངས་བྱས་པ་ཡིན”ཞེས་ཞའོ་ཀྲང་ཧྥུའུ་ཞིའུ་ལིས་ཤིས་ཚིག་གནང་སྐབས་གསུངས་པ་རེད།
         སློབ་གྲྭ་གཉེར་བ་ནི་ལས་སླ་པོ་ཞིག་མིན་ཏེ། དཀའ་ལས་ཇི་ཙམ་རྒྱག་དགོས་པ་ཧྥུའུ་ཞིའུ་ལིས་གསལ་ཤོས་ཤེས་ཀྱི་ཡོད། 2007ལོར་ཧྥུའུ་ཞིའུ་ལིའི་བུ་སྐྱེས་མ་ཐག་པ་ཡིན་ལ་བུ་མོ་ལོ་5ལ་སོན་ཡོད་པ་རེད། ཁོང་གིས་བུ་མོ་རྒྱ་སྐད་སློབ་གྲྭ་ཞིག་ཏུ་བསྐྱལ་རྩིས་བྱས་ཀྱང་ལོན་ཏོན་ལྷོ་རྒྱུད་ཧྲིལ་པོར་བཙལ་ཡང་ཀོང་ཏུང་གི་ཡུལ་སྐད་སློབ་གྲྭ་ཞིག་ལས་མ་རྙེད་པ་རེད།
         “གལ་སྲིད་ངའི་བུ་ཕྲུག་དབྱིན་ཇིར་འཚར་ལོངས་བྱུང་བ་ཡིན་ན། དབྱིན་སྐད་ལས་རྒྱའི་སྤྱི་སྐད་བཤད་མི་ཤེས་ལ། ཀྲུང་གོའི་རིག་གནས་ལ་མོས་སེམས་མེད་པར་འགྱུར་ན་ང་ཧ་ཅང་བློ་ཕམ་སྲིད། སློབ་གྲྭ་འོས་ཞིང་འཚམ་པ་ཞིག་མེད་ན། ང་རང་གིས་གཉེར་རྒྱུ་ཡིན”ཞེས་བསམ་ཞོར་ཧྥུའུ་ཞིའུ་ལིས་རང་དང་འདྲ་བར་ཕྲུ་གུས་རྒྱ་ཡིག་སྦྱོང་མ་ཐུབ་པར་སེམས་ཁྲལ་བྱེད་བཞིན་པའི་རྒྱལ་ནང་གི་དགེ་འོས་སློབ་གྲྭ་ནས་ཐོན་མཁན་གྲོགས་པོ་གཉིས་དང་ལྷན་དུ་སློབ་གྲྭ་གཉེར་བ་རེད།
         ཧྥུའུ་ཞིའུ་ལི་ཉིན་ལྟར་སྐྱེས་ནས་ཟླ་བ་ཁ་ཤས་ལས་མ་ཕྱིན་པའི་བུ་ཁྲིད་དེ་ཕྱིར་ལས་ཀ་བྱེད་པར་ཕྱིན་པ་དང་། རང་ལ་དབང་བའི་སློབ་ཁང་མེད་སྟབས། སློབ་གྲྭས་ས་གནས་དེ་གའི་སློབ་ཆུང་ཞིག་གི་སློབ་ཁང་དུས་ཡུན་རིང་པོ་བོགས་མར་བླངས་པ་དང་། སློབ་ཁང་གཙང་མ་ཡོང་བ་བྱས་ནས་མུ་མཐུད་བོགས་མར་ལེན་ཐུབ་པ་བྱས། ཧྥུའུ་ཞིའུ་ལི་དང་དགེ་རྒན་ཚོས་སློབ་གྲྭ་གྲོལ་རྗེས་རྟག་པར་སློབ་ཁང་དང་གསང་སྤྱོད་རེ་རེ་བཞིན་གཙང་སྦྲ་བྱས་ནས་ཁང་པར་གཅེས་སྤྲས་བྱས་པ་རེད།
        ང་ཚོའི་རྒན་ལགས་རྣམ་པས་ནམ་རྒྱུན་དབྱིན་ཇིའི་སློབ་གྲྭར་ཕྱག་ལས་གནང་གི་ཡོད་པ་དང་གཟའ་མཇུག་ཏུ‘ཁམས་བཟང་སློབ་གྲྭར’ཞོར་ལས་གནང་གི་ཡོད་པ་རེད། ཧྥུའུ་ཞིའུ་ལིས་གསར་འགོད་པར་རྒན་ལགས་རྣམ་པས་རྒྱ་ཡིག་ཤེས་པ་མ་ཟད། ད་དུང་དབྱིན་ཇིའི་སློབ་གསོ་གཏོང་སྟངས་ལའང་རྒྱུས་མངའ་ཡོད་པ་རེད། ཁོང་ཚོ་ཞོར་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་མེད་མོད། ཁོང་ཚོར་ཀྲུང་ཧྭའི་རིག་གནས་དང་སྐད་ཡིག་རྒྱུན་འཛིན་བྱེད་སེམས་ཤིག་ཡོད་པས་སྔར་རྒྱུན་བཞིན་གཟའ་མཇུག་གི་ངལ་གསོའི་དུས་ཚོད་སྤྱད་ཏེ་རྒྱ་ཡིག་ཁྲིད་ཀྱི་ཡོད་པ་རེད་ཅེས་གསུངས།
        རྒན་ལགས་རྣམ་པའི་དཀའ་སྤྱད་འབད་བརྩོན་ལས་ཁྱིམ་བདག་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། མ་ལེ་ཞི་ཡ་ནས་ཡིན་པའི་ཨ་མ་གཉིས་ཀྱིས་ལོ་ལྟར་དང་བླངས་ཀྱིས་དཔྱིད་གསར་དུས་ཆེན་དང་ཡེ་ཤུའི་འཁྲུངས་སྐར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་གྲབས་འཛུགས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་རེད། ཉིའུ་ཅིན་སློབ་ཆེན་དང་ཧ་ཧྥོ་སློབ་ཆེན་ནས་ཐོན་པའི་ཧོང་ཡོན་ཡུས་ཀྱིས་ཕྲུ་གུ་གཉིས་དང་བཟའ་ཟླ་རྒྱ་ཡིག་སྦྱོང་བར་མངགས་པ་མ་ཟད་ད་དུང་ཁྱིམ་ནང་ཉར་ཚགས་བྱས་པའི་རྒྱ་ཡིག་དཔེ་དེབ་ཚང་མ་སློབ་གྲྭའི་དཔེ་མཛོད་ཁང་ལ་ཞལ་འདེབས་ཕུལ་བ་དང་རང་ཉིད་ཀྱིས་དཔེ་མཛོད་ཁང་དོ་དམ་གྱི་འགན་ཁུར་བཞིན་ཡོད་པ་རེད།
         སློབ་མ་ཚོར་སྦྱངས་འབྲས་ཐོབ་པས་དགེ་རྒན་ཚོའི་དཀའ་ལས་རྒྱབ་པར་གྲུབ་འབྲས་ཐོབ་ཡོད། ལོ་10རིང་སློབ་གྲྭས་སློབ་མ་100ལྷག་ཙམ་དབྱིན་ཇིའི་འབྲིང་རིམ་སློབ་གསོ་དཀྱུས་མའི་ལག་ཁྱེར་ཡིག་རྒྱུགས་ནང་ཕུལ་བྱུང་གི་རྒྱ་ཡིག་རྒྱུགས་འབྲས་ཐོབ་རྒྱུར་རོགས་རམ་བྱས་ཡོད་པ་རེད།
        “ཁམས་བཟང”སློབ་གྲྭ་དེ་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར་གྱི་ལོ་10ནི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་སོང་བ་དང་། དབྱིན་ཇིར་རྒྱ་ཡིག་སྦྱོང་མཁན་མང་པོ་ཡོད་པའི་ལོ་10ཡང་རེད། དབྱིན་ཇིར་ད་ཆ་རྒྱ་ཡིག་སློབ་གྲྭ་100ལྷག་ཙམ་ཡོད་པར་སློབ་མ་ཁྲི་3ལྷག་ཙམ་ཡོད་པ་རེད།
         དབྱིན་ཇིའི་རྒྱ་ཡིག་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཧོང་ཀྲན་ལིས་དབྱིན་ཇི་སྲིད་གཞུང་དང་དམངས་ཚོགས་ཀྱིས་རྒྱ་ཡིག་སློབ་གསོར་དོ་སྣང་རིམ་བཞིན་ཆེ་རུ་སོང་བ་དང་བསྟུན་ནས་མི་རིང་བའི་མ་འོངས་པར“ཁམས་བཟང”སློབ་གྲྭ་དང་འདྲ་བའི་སློབ་ཁྲིད་སྤུས་ཚད་ཤིན་ཏུ་ལེགས་པའི་རྒྱ་ཡིག་སློབ་གྲྭས་གནས་སའི་ས་ཁུལ་གྱི་སློབ་གསོའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་དབྱིན་ཇི་བས་སློབ་ཁུལ་སློབ་གསོའི་ཐོན་ཁུངས་དང་སྤུས་ཚད་ལ་ཚད་འཇལ་བའི་དམིགས་ཚད་གསར་པར་གྱུར་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཏའེ་ལེ་དང་། ཀུའུ་ཀྲེན་ཆིའུ། ཅིན་ཅིང་བཅས་ཀྱིས།
      

    ཕྱོགས་བསྡུས་གསར་འགྱུར།