འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ཀྱི་བཟོ་སྐྲུན་རིག་གནས་འགྲེམས་སྟོན་དང་ཀྲུང་ཡོའི་རི་ཁུལ་མི་རིགས་ཀྱི་བཟོ་སྐྲུན་
    རིག་གནས་གླེང་སྟེགས་བྱེད་སྒོ་ཝི་ཨེན་ནར་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རིགས་ཀྱི་བཟོ་སྐྲུན་རིག་གནས་སྒྱུ་རྩལ་འགྲེམས་སྟོན་དང་ཀྲུང་ཡོའི་རི་ཁུལ་མི་རིགས་ཀྱི་བཟོ་སྐྲུན་རིག་གནས་གླེང་སྟེགས་བྱེད་སྒོ་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ནའི་ཡོ་རོབ་སྐབས་དོན་ཚགས་པར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སྤེལ་ཞིང་། མཚོ་སྔོན་ཡུལ་ཤུལ་ནས་ཡོང་བའི་བོད་རིགས་ཀྱི་བཟོ་སྐྲུན་མཁས་ཅན་དང་ཨོ་སི་ཁྲུ་རི་ཡའི་བཟོ་སྐྲུན་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་པས་མཚོ་བོད་ས་མཐོ་དང་ཨའར་པེ་སི་རི་བོའི་ས་མཐོའི་རི་ཁུལ་གྱི་བཟོ་སྐྲུན་ཁྱད་ཆོས་དང་། སྒྱུ་རྩལ་རང་བཞིན། དངོས་སྤྱོད་རང་བཞིན་སོགས་ཀྱི་ནང་དོན་ལ་དཔྱད་བསྡུར་དང་སྤེལ་རེས་བྱས་པ་རེད།
           ད་ཐེངས་ཀྱི་སྒྱུ་རྩལ་འགྲེམས་སྟོན་གྱི་སྒྲིག་འཛུགས་པ་དང་། ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མཚོ་སྔོན་མིང་ལོན་བོད་བརྒྱུད་བཟོ་སྐྲུན་རིག་གནས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་མ་ཀྲ·བསོད་ནམས་འབྲུག་གྲགས་ཀྱིས་ཁྱད་ཆོས་ལྡན་པའི་བོད་ཀྱི་བཟོ་སྐྲུན་དེ་བོད་ཀྱི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་གྱི་གཞི་རྟེན་གལ་ཆེན་དང་རིག་གནས་ཐོན་ཁུངས་སུ་གྱུར་པ་དང་ཀྲུང་ཧྭ་མི་རིགས་བཟོ་སྐྲུན་གྱི་སྣོད་བཅུད་བློ་གྲོས་མངོན་པར་མ་ཟད། དེང་རབས་སྣོད་བཅུད་འཛུགས་སྐྲུན་གྱི་འདུ་ཤེས་ཀྱི་བློ་སྒོ་ཕྱེ་ཡོད། ཀྲུང་གོའི་མི་རིགས་བཟོ་སྐྲུན་གྱི་གཏམ་རྒྱུད་བརྗོད་རྒྱུ་ནི་ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ལྷན་ཚོགས་ཀྱི་ལྟེ་བའི་ལས་འགན་གྱི་གྲས་ཤིག་ཡིན་པ་དང་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་སྤེལ་རེས་དང་། ངོས་འཛིན་གཅིག་མཐུན། མཉམ་ལས། འཕེལ་རྒྱས་བཅས་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
          བསོད་ནམས་འབྲུག་གྲགས་ཀྱིས་གསར་འགོད་པར་བོད་བརྒྱུད་བཟོ་སྐྲུན་རིག་གནས་ཞིབ་འཇུག་ལྷན་ཚོགས་ཀྱིས་ཀྲུང་གོའི་མི་རིགས་བཟོ་སྐྲུན་ཞིབ་འཇུག་ལྷན་ཚོགས་ཀྱི་མཛུབ་ཁྲིད་འོག་ཀྲུང་ཡོའི་རི་ཁུལ་དང་དེ་བཞིན་སྣོད་བཅུད་བཟོ་སྐྲུན་རིག་གནས་སྤེལ་རེས་དང་། ཀྲུང་གོ་དང་ཨ་རིའི་སྣོད་བཅུད་བཟོ་སྐྲུན་དང་དེ་བཞིན་ས་ཁོངས་བཟོ་སྐྲུན་རིག་གནས་སྤེལ་རེས། ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་ཀྱི་མི་རིགས་བཟོ་སྐྲུན་མཐོ་རིམ་གླེང་སྟེགས་བཅས་ཚུད་པའི་རྒྱལ་སྤྱིའི་ཁྱབ་གདལ་འཆར་གཞིར་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོའི་མི་རིགས་བཟོ་སྐྲུན་གྱི་གཏམ་རྒྱུད་འཛམ་གླིང་དུ་བརྒྱུད་བསྒྲགས་བྱ་རྒྱུ་དང་མིའི་རིགས་ཀྱི་སྣོད་བཅུད་གནས་སྡོད་ཐད་ཀྲུང་གོའི་བློ་རིག་དང་འདུ་ཤེས་འདོན་རྒྱུའི་ཐོག་མའི་བསམ་འདུན་རིམ་གྱིས་མངོན་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།
         ད་ཐེངས་ཀྱི་བྱེད་སྒོ་ནི་བོད་བརྒྱུད་བཟོ་སྐྲུན་རིག་གནས་ཞིབ་འཇུག་ལྷན་ཚོགས་ཀྱིས་ཀྲུང་ཡོའི་རི་ཁུལ་མི་རིགས་བཟོ་སྐྲུན་བརྟག་ཞིབ་སྤེལ་རེས་ཀྱི་རིམ་སྤེལ་བྱེད་སྒོ་མཐའ་མ་དེ་ཡིན་ཞིང་། དེ་གོང་འཐུས་མི་ཚོགས་པས་འཇར་མན་དང་། པའོ་ཧའོ་སི་བཟོ་སྐྲུན་སློབ་གླིང་། པོ་ལིན་བཟོ་ལས་སློབ་ཆེན་གྱི་བཟོ་སྐྲུན་སློབ་གླིང་། ཧྥུ་ལའེ་འཛུགས་སྐྲུན་ཚོགས་པ་བཅས་སུ་འབྲེལ་ཡོད་སྤེལ་རེས་གླེང་སྟེགས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག པོ་ལིན་བཟོ་ལས་སློབ་ཆེན་དང་དཔྱད་གཞི་ཞིབ་འཇུག་དང་། ཕན་ཚུན་དབར་སློབ་སྐོར་བྱེད་མཁན་གྱི་མཁས་དབང་གཏོང་རེས་བྱེད་པ། ཞིབ་འཇུག་འབྲས་བུ་བརྗེ་རེས། ཇུས་གཞི་དང་འཆར་འགོད་ཀྱི་རྣམ་གྲངས་གལ་ཆེན་མཉམ་དུ་འགན་འཁུར་སོགས་ཀྱི་ཁྱབ་ཁོངས་ཐད་འཐབ་ཇུས་རང་བཞིན་གྱི་མཉམ་ལས་འདོད་བློ་གྲུབ་པ་དང་འཆར་འགོད་ལག་བསྟར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།